རྐྱེན་དེ་དག་གིས།
རང་དབང་གི་ཤོག་བྱ་གཏོང་བ་ནི་རྩེད་འཇོ་ཞིག་ག་ལ་ཡིན
རྨི་ལམ་ལས་གཞས་ཆུང་ཤོར་བའང་རྩེད་འཇོ་ཞིག་ག་ལ་ཡིན
སྡུག་ཡས་ཀྱིས་མནན་པའི་ས་གཞི་དང་ནམ་མཁའ
སྤྲང་ཚོགས་ཀྱི་གོམས་སྟབས་དང་མཆི་མའི་ལྗིད་ཤུགས
ང་ནི་འདི་ཡིས་སྒུལ་ཅིང་འདི་ཡིས་བཅིངས་བས་རེད།
མི་ཡུལ་ནས་སྨྲེ་ངག་རྐྱང་རྐྱང་འདོན་པའང
མི་སེམས་ཀྱི་ན་ཟུག་རྐྱང་རྐྱང་གླེང་བའང
སུ་ཞིག་ལ་ཁ་ཆད་བྱས་པའི་སྐྱིན་ཚབ་དང་སྐྱེད་ཀ་ག་ལ་ཡིན་མོད
མིག་ཆུ་ཐེངས་མང་ཤོར་བའི་ལོ་ཟླ་དང་མུན་པས
ང་ཚོ་ཡང་ཡང་བཅོམ་ཞིང་ཡང་ཡང་བཅག་པས་རེད
གོམ་ཁ་སྒྱུར་སྟངས་ཀྱི་གདུག་རྩུབ་དང་ངར་ཤུགས་རེ་རེའང
མི་སེམས་ཀྱིས་རང་ལ་དྲིས་པའི་ཁམས་འདྲི་ཐེངས་ཤིག་དང་འདྲ་མོད
མི་ཡུལ་ནས་སེམས་གཅོང་གི་འགོས་ནད་ནག་པོ་དེས་རྐྱེན་པས
འཚོ་བའི་མངར་ཁ་དང་རི་སྐྱིབས་ཀྱི་དྲོད་འཇམ་ཡོད་ཚད
ཁ་སང་གིས་བསད་པའི་ཞིང་ཚིགས་དེའི་ལོ་ཏོག་ནང་བཞིན
ང་ཚོ་སུ་ཡང་ཁུ་སིམ་མེར།
སྐྱ་ཆག་ཅིལ་ལེར་གནས་ཡོད
རྩོམ་ཁུངས། ངེད་དྲ་བ།