ང་ལ་ལྗིད་ཏིག་ཏིག་གི་སྟོན་ཁ་ཞིག་དགོས།
—ངའི་ཕུགས་བསམ།
ཕམ་ཁ་ཞིག་ཁ་ལ་མི་ཞིམ་པའི་སྨན་ལྟར་འཐུང་རྗེས
སྡུག་གི་ཇ་ལོ་དེ་ཆང་གི་ཆུ་ཁོལ་གྱིས་སྦངས་ངས་མ་མྱོངས་ཤིང
གཡུལ་ནས་འགྱེལ་བའི་དཔའ་བོ་ལྟར་འགྱེལ་ཡང་ང་མ་ཕོད
ཁ་རོག་གེར ཙོང་ཁའི་སྐྱེས་རི་དང་ཙོང་ཆུ་རིང་མོ་དག་ལ
མེ་འཁོར་ལས་གྱེས་ཕྱག་ཕུལ་བཞིན གདེམ་གསེས་དེའི་ཕྱིར་དུ
ངའི་ཕུང་བོ་འདི་ཡང་མེ་འཁོར་དང་འགྲོགས་ཏེ་སྤོས་ལྡན་གྲོང་ལ་ཐོན་ཡོད
ང་རང་ནི་ཞིང་བའི་བུ་ཕྲུག་ཅིག་ཡིན
ངས་བཟུང་ཡོད་པ་ནི་སློབ་གཉེར་ཡིད་ཚིམ་པོ་ཞིག་བཅུས་དགོས་པའི་ཁུག་མ་ཞིག་ཡིན
ཁུག་མ་དེ་ཡུལ་མི་ཚོས་ངག་བཅོལ་ཡང་ཡང་མཛད་པའི་སྲུང་སྐོར་དེ་ཡིན
སྲུང་སྐོར་དེ་ཇི་ལྟར་ལྗིད་ན་ང་ལ་བྱིན་རླབས་དེ་ལྟར་དུ་ཆེ་ལགས
ས་མཐའ་ན་ང་ཁེར་རྐྱང་ཡིན
ང་སྲུང་སྐོར་དེའི་སྟོབས་ཀྱི་ཀློང་ནས་འཕག་འཚག་རྒྱག་དགོས
ང་རང་ནི་ཞིང་གྲོང་ནས་ནར་སོན་པ་ཞིག་ཡིན
ང་རང་གི་ལུས་པོ་འདི་ཡང་ཞིང་གྲོང་རིག་གནས་ཀྱིས་གསོ་བའི་ཤ་དར་ཁྲག་དར་དེ་ཁོ་ན་ཡིན
ད་ལྟ་ངའི་དཔྱིད་ཀ་འདས་སོང་ལ
ཚང་དུ་ཡོད་པའི་བྱིའུ་ཕྲུག་དག་ཀྱང་དབྱར་གཞུང་འདིའི་ཕང་བ་ནས་གནམ་འཕང་གཅོད་དགོས
ང་ལའང་གཤོག་པ་ཆ་ཞིག་དགོས
ངས་ཀྱང་གྲོང་ཁྱེར་བའི་ཁ་མདོག་བཟང་བོ་དག་རང་ཉིད་ལ་བྱུགས་ཏེ
དུས་རབས་འདིའི་ཐང་དཀྱིལ་ནས་ལྡིང་སྐོར་རྒྱག་དགོས
ང་ཡང་རང་ཉིད་ཀྱི་དབྱར་གཞུང་དེ་ནས་མི་ཏོག་ལྟར་བཞད་དགོས
ང་རང་ཉིད་གཅིག་པུ་དེ་མིན
ང་ལ་དཔལ་འབྱོར་གྱི་ཕུང་བོ་ཞིག་ཡོད
ང་ཚོགས་སྤྱི་ཞིག་ལ་བསྟེན་ཡོད
ཕ་མ་གཉིས་དང་ཕུ་ནུ་མིང་སྲིང་ཚོ་སོགས་ཀྱིས་གྲུབ་པའི་ཞིང་བའི་ཚོགས་པ་ཞིག་ལ་བསྟེན་ཡོད
ང་དབྱར་གཞུང་འདི་ནས་ཁྲ་ལམ་མེར་བཞད་དེ
ཁོ་ཚོས་རེ་བས་བརྒྱུས་པའི་སེམས་ཁུར་གྱི་མདུད་པ་དེ་གྲོལ་དགོས
ངས་སེར་ལམ་ལམ་གྱི་སྟོན་ཁ་ཞིག་ལ་སྙེག་གིན་ཡོད
ངས་ལྗིད་ཏིག་ཏིག་གི་སྟོན་ཁ་ཞིག་ལ་དམིགས་ཀྱིན་ཡོད
ལྗིད་ཏིག་ཏིག་གི་སྟོན་ཁ་ཞིག་ཡོད་ན
ད་གཟོད་ང་རང་ཉིད་ཀྱི་དགུན་གཞུང་རིང་མོ་དེར་བཀྲེས་ལྟོགས་མེད
སེར་ལམ་ལམ་གྱི་སྟོན་ཁ་ཞིག་སླེབས་ན
ངས་ད་གཟོད་དཔྱིད་ཀ་དང་འདྲ་བར
ཚོགས་པ་དེར་དགུན་ཟླ་རིང་མོར་དྲོད་སྣང་སྟེར་ཐུབ
ང་རང་ནི་ཞིང་བའི་བུ་ཕྲུག་ཅིག་ཡིན
ང་ཞིང་གྲོང་ནས་ནར་སོན་པ་ཞིག་ཡིན
ང་རང་ཉིད་གཅིག་པུ་དེ་མིན
ང་རང་ཉིད་ཀྱི་དབྱར་གཞུང་ནས་མེ་ཏོག་ལྟར་བཞད་དགོས
ང་རང་ཉིད་ཀྱི་སྟོན་གཞུང་ནས་ཀུ་ཤུ་བཞིན་སྨིན་དགོས
༢༠༠༡༡ ༩ ༦སྡོད་ཤག་ནས་ཤར་མར་སྦྱར།
རྩོམ་ཁུངས། ངེད་དྲ་བ།