ཁེར་རྐྱང་གི་འཚོ་བ།
༡
ཆེས་མཐའ་མཇུག་གི་མེ་འཁོར་དེ་རྒྱང་དུ་བཞུད་རྗེས།
ང་སྔར་བཞིན་གཞན་ཡུལ་ན་ཁེར་རྐྱང་དུ་ལུས།
སྦྲང་བུས་ལྡིང་བསྐོར་རྒྱག་གིན་པའི་ཁང་པའི་ནང་།
གྲྭ་བ་བཞིན་མལ་ཐུལ་ལུས་ལ་དཀྲིས་ནས་ཅི་ཞིག་བྲིས་ལ་ཅི་ཞིག་ཀློག།
༢
བཀླགས་མི་ཚར་བའི་འཚོ་བའི་དཔེ་དེབ་ངོས་ཀྱི།
དངོས་ཡོད་ཅེས་པའི་ཡིག་འབྲུ་གཉིས་པོས་རྟག་ཏུ་ང་ལ་གནར་གཅོད་གཏོང་།
དངོས་ཡོད་ཀྱི་མདུན་དུ་ང་ཚོ་ནི་དཔའ་བོ་ལག་རྡུམ་དང་འདྲ་ལ།
དངོས་ཡོད་ཀྱི་མདུན་དུ་ང་ཚོའི་སྨྲ་སྒོ་འཁྱགས་ཀྱིས་བསྡམས།
༣
གྲགས་འགུལ་མེད་པའི་ཁ་པར་ལ་ཅེར་ནས།
རྒྱང་རིང་གི་ཡུལ་ན་ཨ་ཕས་རྒས་གཉེར་གྱོན་ནས་ལུས་པོ་སྒུར་སྒུར་གྱིས།
ཞིང་ཁ་རེ་རེའི་རྐ་འགོ་ན་བྲེལ་བཞིན་ཡོད་པ་རྟོག་བཟོ་བྱས་ལ།
མགོ་སྐྲ་སོག་སོག་ཏུ་འགྱུར་བའི་མིང་སྲིང་དག་འཚོ་བ་ཞེས་པའི་གཏིང་རིམ་དུ་བྱང་གིན་
ཡོད་པ་ཚོད་དཔག་བྱས།
ད་དུང་རྒྱང་རིང་དུ་ལུས་པའི་ཁོ་མོ་ཡང་ཁ་པར་གྱི་རྒྱབ་ཏུ་ཡིབ་ནས།
ཅི་ཞིག་ལ་བྲེལ་བཞིན་པ་རྟོག་བཟོ་བྱས།
༤
ཁེར་རྐྱང་དུ་ལུས་རྗེས་ཁྱིམ་མཚེས་ཚང་གི་སྒྲ་སྡུད་འཁོར་ལོའི་སྒྲ་ལ་ཉན་གྱིན།
ཁེར་རྐྱང་གི་སྐྱོ་བ་སྙན་ངག་གིས་གསོས།
ཁེར་རྐྱང་དུ་ལུས་རྗེས་མལ་ཐུལ་ལུས་ལ་དཀྲིས་ནས།
རང་སེམས་རང་གིས་དྲོས་པར་བྱས།
༢༠༡༡ / ༧ / ༣༠ཉིན་ཟི་ལིང་དུ།
རྩོམ་ཁུངས། ངེད་དྲ་བ།