སེམས་སྨྲེང་བའི་ཟིན་ཐོ།
དབུལ་ཕོངས་དང་སྡུག་ཡུས་གཞའ་སའི།
སྤྲིན་དཀར་དང་ལུག་ཁྱུ་འཚང་སའི།
ཆུ་ཆབ་དང་མིག་ཆུ་འདྲེས་སའི།
ཁ་སང་གི་རྩྭ་ཐང་དེ་རིང་གི་བཟོ་གྲྭར་འགྱུར་དོན་གང་།
བསམ་གཞིག་དང་སྙིང་རྗེ་དབེན་པའི་རྗེ་བོ།
འདུ་ཤེས་དང་རྟོག་པ་མེད་པའི་མི།
བརྟན་བརླིང་དང་སྒམ་ཚུགས་མེད་པའི་རང་གཤིས།
འདི་ལྟར་ཟད་གྱིན་པའི་ང་ཡི་ཁྱོད།
ཡོད་པ་ཞིག་མེད་པར་སྒོམ་ནས།
འཚོལ་ཟིན་པ་ཐ་དག་བོར་དགོས་དོན་ཅི།
དུས་ཡོལ་གྱི་དངོས་རྙིང་རུམ་པའི་ཚོང་པ།
ལས་འབྲས་རྙོག་པའི་དཔོན་ཁག་ཅིག
སྒང་བ་མི་ཡི་ཕྲག་སྟེང་དུ།
ཙོག་པུར་བསྡད་ཡོད་པ་དེ་ཡང་ཅི་འདྲའི་མཛེས།
དེ་བས།དེ་ལྟར།
སྒོ་ཆེན་གྱིས་མཛེས་སྡུག་རུམ་པ་དེ་ཡང་ཧ་ཅང་མཛེས་ཨང་།
༢༠༡༡ལོའི་ཞི་བདེའི་ཉིན་མོར་པེ་ཅིང་དུ་བྲིས།
རྩོམ་ཁུངས། ངེད་དྲ་བ།