བརྗོད་བྲལ།
"ཁྱེད་རང་ཐུག་སོང་་"ཟེར་བའི་གླུ་དབྱངས་ཤིག་གིས། ཁྱེད་རང་གནས་ཡོད་པ་སྨྲས་བྱུང་།
ཉི་མ་ཞིག་ལ་ཁྱེད་རང་ཐུག་བྱུང་། རྒྱུན་ལྡན་གྱི་ཉི་མ་ཞིག་ལ།
ཟང་ཟིང་དང་ས་རྡུལ་དང་མི་ཚོགས་ཆེ་བའི་མཁར་གྲོང་དེ།
མིག་ཤེས་འཁྲུལ་བའི་ལྡུམ་རྭ་ལྟ་བུ་ཞིག་ཏུ་མཐོང་།
ངའི་འཛུམ་མདངས་སྦས་པ་དེ་མ་མཐོང་ནས་ཁྱེད་རང་ལ་ཞེད་སྣང་བྱུང་ཟེར།
ཁྱེད་ཀྱི་འཛུམ་མདངས་དང་དགོད་སྒྲ་ནམ་ཡང་ཡལ་མྱོང་མེད།
བརྩེ་དུང་ནི་དུས་ཚོད་ལས་སྐྱེས་སམ།
དགའ་བ་ནི་བར་སྣང་ནས་བྱུང་ངམ།
མུ་མེད་པ་ལ་མི་ཤོང་པ་དེ་དང་།
ཚད་མེད་པ་ལས་ཀྱང་འདས་པ་དེ་ཅི་ཡིན།
ང་ཁྱེད་ལ་དགའ་ཞེས་བརྗོད་མྱོང་མེད། བཤད་ཀྱིན་མེད། ཟེར་རྒྱུ་མིན།
མི་ཚེ་འདི་སྙན་ངག་ཅིག་ཏུ་མཐོང་རྗེས།
ཆུ་ལ་ཆུ་རིས་འབྲི་རྒྱུ་ལས། ཤོག་བུར་སྣག་ཚས་འབྲི་འདོད་མ་བྱུང་།
མི་ཚེ་འདི་སྒྱུ་རྩལ་དུ་ཤེས་རྗེས། སྒྱུ་རྩལ་བའི་བྲོ་བ་བོར།
ནམ་མཁའི་དབྱིངས་ན། སྙིང་གི་དབུས་ན། སེམས་ཀྱི་གཏིང་ན།
ཁྱེད་ཀྱི་གླུ་དབྱངས་དང་ཞབས་བྲོ།
མཛུམ་མདངས་སོགས་འཚང་ཁ་ཤིག་ཤིག
དེ་རིང་འབབ་བཞིན་པའི་ཁ་བ་དཀར་པོ་འདི་ཡང་།
ཁྱེད་ཀྱི་རོལ་མོ་ལོས་ཡིན།
རི་མཐོ་ས་ཞིག་ནས།
རླུང་དྭངས་ས་ཞིག་ནས།
ཆུ་ཕྲན་རྒྱུག་ས་ཞིག་ནས།
ཁྱེད་ཀྱི་ཞལ་རས་དེ་ཡང་ཡང་བསྒོམ།
ཁྱེད་ལ་ཞེད་སྣང་ཡོད་ན་ང་ལ་བོས།
ཁྱེད་ལ་སྐྱོ་སྣང་ཡོད་ན་ང་ལ་ཤོད།
ཁྱེད་ལ་ན་ཟུག་ཡོད་དུས་ངས་ཁྱེད་རང་དམ་དུ་འཁྱུད།
ཁྱེད་རང་གཅིག་པུ་ཡིན་དུས་ངས་ཁྱེད་རང་པང་དུ་འཛིན།
དཔྱིད་ཀའི་མེ་ཏོག་ཚོ་འདས་སོང་། སྟོན་ཀའི་ལོ་མ་ཡང་ལྷུང་སོང་།
དགུན་གྱི་ཁ་བ་དཀར་པོ་འབབ་བཞིན་འདུག
དབྱར་ཁ་ལྟ་བུའི་ཁྱེད་ནི་ངའི་སེམས་ན་ལྷང་ལྷང་བཀྲ།
རི་གྲོང་ཞིག་ན། ཁྱིམ་ཚང་ཆུང་ཆུང་ཞིག
གྲོང་ཁྱེར་དེ་ན། ཁྱིམ་ཚང་སྐྱོད་པོ་ཞིག
འཇིག་རྟེན་འདི་ན། མི་ཚེའི་ལོ་རྒྱུས་ཤིག
འུ་གཉིས་ཀྱི་བྱིས་པ་ཚོ་རྩེད་མོ་རྩེད་བཞིན་འདུག
འཇིག་རྟེན་འདི་མ་ཆགས་པའི་གོང་རོལ་ནས།
འཇིག་རྟེན་འདི་འདས་ཚར་བའི་རྗེས་ཀྱང་།
ང་ཁྱེད་ལ་དགའ་ཞེས་བརྗོད་མྱོང་མེད། བཤད་ཀྱིན་མེད། ཟེར་རྒྱུ་མིན།
Zurich, ཙོ་རུ། སུད་སི་ནས་བྲིས། ཟླ་༡༢་ཚེས་༡༨། ༢༠༡༡་
རྩོམ་ཁུངས། ངེད་དྲ་བ།