རྩེ་སྐར་གྱིས་ལང་ཚོའི་རྦབ་ཆུ་ལ་གྱེར་བའི་སྙན་ངག་ཚན་པ་གཉིས།
ངའི་ཆུ་བོ། ཕ་ཡུལ་གྱི་རྩེ་ཆབ་སྔོན་མོ།
---------རྩེ་ཆུ་ལ་ཕུལ་བའི་ལྷོ་མཐའི་སེམས་འཕྲིན།
ས་སྒང་མཐོ་ས་ན། རི་རྩེ་མང་ས་ན།
རྩྭ་ཐང་གི་གོས་ལྭ་གྱོན་ཏེ་མེ་ཏོག་གི་མགུལ་རྒྱན་བཏགས།
རི་བོའི་ཚོགས་ཀྱི་ལག་རྡང་ཁྲོད། རྟ་ནོར་ལུག་གསུམ་གྱི་སྒོར་བྲོའི་ཁུགས།
ངའི་ལང་ཚོ་ཡི་བཞུར་རྒྱུན་རིང་མོ། ཕ་ཡུལ་གྱི་རྩེ་ཆབ་སྔོན་མོ།
མཐོ་སྒང་གི་མི་རབས་དེའི་ཚེ་སྲོག་སྐྱོང་བཞིན་ས་དོག་མོ་འཕྲེད་ཀྱིས་བཅད།
གནམ་སྔོན་མོ་འདོམ་ལ་འཇལ།
ཁྱེད་ཀྱིས་ང་ཆུང་དུས་སེམས་ཁུང་ལ་མེ་ཏོག་ལྟ་བུའི་རྨི་ལམ་གྱི་ས་བོན་བཏབས།
ང་དང་ངའི་ན་ཟླ་ཚོའི་བསམ་མེད་ཀྱི་རྣམ་ཤེས་འཁྱེར་ཏེ།
ཕྱིར་མིག་མེད་པར་རི་བོའི་ཁུང་ལ་འཛུལ། རྒྱ་མཚོའི་ཀླུང་ལ་ཉུལ།
ཉི་མ་ཟླ་རུ་གྱུར། ཟླ་བ་ལོ་རུ་གྱུར་དུས།
ངའི་རྣ་ལམ་དུ་གྲག་འོང་བའི་ཆུ་བོའི་རླབས་སྒྲ་ཇེ་གསལ་ནས་ཇེ་གསལ།
ངའི་ལང་ཚོའི་མེ་ཏོག་གི་འདབ་མ་ཁྱེད་ལ་འཐམ་སྟེ།
རྩྭ་ཐང་གི་གཞི་རུ་མཚར་སྡུག་མངོན།
དེ་དུས། ངས་རྨི་ལམ་གྱི་ཞིང་ནས་ཚོད་ཚོད་ལ་ཁྲེལ་དགོད་རྒྱག་ཞོར།
ཁྱེད་ཀྱི་འགྲམ་རྒྱུད་ནས་མེ་ཏོག་འཐུས་མྱོང་།
ཁ་བ་འབབ་ཐེངས་རེ་ལ། མེ་ཏོག་བཞད་ཐེངས་རེ་ལ།
ཨ་མས་ཁྱེད་ཀྱི་བཞུར་རྒྱུན་སྐྱོགས་ལ་བཅུས་ཏེ།
སྦྲ་ནག་གི་རུམ་ཁ་ནས་མཆོད་ཆབ་བཏེགས།
ངས་ཁྱེད་ཀྱི་དྭངས་གཙང་གི་གཤིས་ཀ་ཧུབ་ཀྱིས་འཐུང་སྟེ།
མཛེས་སྡུག་གི་ན་ཚོད་རིམ་གྱིས་སྨིན།
དེ་དུས། ངས་སྟོང་བསམ་གྱིས་རྟ་ཕོའི་གོང་ཁ་ནས་ལ་གླུ་ལེན་ཞོར།
ཁྱེད་ཀྱི་འགྲམ་རྒྱུད་ནས་ལུག་ཁྱུ་འཚོས་མྱོང་།
ས་གཞི་བརླན་གྱིས་བཟུང་། རླུང་བུ་དལ་གྱིས་ལྡང་།
ངའི་སེམས་ངོགས་ལ་ཁྱེད་ཀྱི་རླབས་སྒྲས་དྲི་རྟགས་བཀོད་ཅིང་།
ངའི་མདུན་ལྗོངས་ལ་དབུ་དཀར་གྱི་ཟེགས་མས་གཡབ་མོ་ཡང་ཡང་བྱས།
ངས་གནས་ལུགས་ཤིག་ཁྱེད་ཀྱི་གཤིས་རྒྱུད་ལས་རྟོགས་ཏེ།
ཆེས་ཐོག་མའི་འགྲུལ་བཞུད་ཀྱི་ལམ་ལ་ཆས།
དེ་དུས། ངས་ཕུགས་མདུན་གྱི་སླད་དུ་སློབ་ར་ཆུང་ཆུང་དེར་སྨྱུ་གུ་འཛིན་ཞོར།
ཁྱེད་གྱི་འགྲམ་རྒྱུད་ནས་ཀ་ཁ་གྱེར་མྱོང་།
ལོ་ཟླ་རིམ་གྱིས་འདས། ཆུ་བོ་ཡུན་གྱིས་བཞུར།
ངས་དུས་རྟག་ཏུ་ཁྱེད་ཀྱི་རླབས་སྒྲ་རྣ་བས་ཉན་ཞིང་།
ཁྱེད་ཀྱི་གཤིས་ཀ་ཧུབ་ཀྱིས་འཐུང་འདོད།
ཡིན་ནའང་། རླུང་བུ་གཡུགས་ཕྱོགས་དེས་སེམས་པ་སྒུལ་སྟངས་ཤིག་གིས།
ང་ཁྱེད་ཀྱི་འགྲམ་ངོགས་ནས་ཆས་དགོས་བྱུང་།
ཆུ་བོ་བ་ཚྭས་ཁེངས་ཤིང་ནགས་ཚལ་བཙད་ཀྱིས་སྐམས།
རི་བོ་རྡོ་ཡིས་གྲུབ་ཅིང་ས་གཞི་རྡུལ་གྱིས་བཟུང་བའི།
ཆེས་རྒྱང་རིང་རྒྱང་རིང་གི་རི་གྲོང་ཞིག་ཏུ།
འདི་དུས། ངས་ཆུ་བོ་མེད་པའི་ས་སྒང་མཐོ་ས་རེ་ནས་མིག་ཟུང་ཅེར་བཞིན།
ཁྱེད་རང་བཏུང་འདོད་ཀྱི་རྐན་སྒྲ་བྲག་ཆར་བརྡབ་མྱོང་།
འདི་དུས། ངས་ཁ་བ་མེད་པའི་ནམ་ཟླ་ཨུ་ཚུགས་ཀྱིས་བསྐྱལ་བཞིན།
ཁྱེད་ལ་བརྗོད་འདོད་ཀྱི་སྡུག་ཡུས་རླུང་ལ་བསྐུར་མྱོང་།
འདི་དུས། ངས་གཉེན་ཉེ་མེད་པའི་མི་ཚོགས་ཀྱི་ངོ་གདོང་བཙན་གྱིས་འཚོས་ནས།
ཁྱེད་ལ་མཁྲེང་བའི་སེམས་པ་ན་ཟུག་གིས་གཟེར་མྱོང་།
ངའི་ཆུ་བོ། ཕ་ཡུལ་གྱི་རྩེ་ཆབ་སྔོན་མོ།
གོ་ཐོས་ལ། ཁ་སང་དེ་རིང་།
ད་དུང་ཁྱེད་ཀྱིས་མི་རབས་དེའི་བདེ་སྡུག་རུམ་དུ་བཅུག་སྟེ།
འཇགས་མེད་ཀྱི་གོམ་ཁ་སྔར་ལས་རིང་སྐད།
ཤོད་ཚུལ་ལ། ཁྱེད་ཀྱིས་ཡུལ་ལུང་དེའི་གནམ་སའི་མཛེས་སྡུག་སྦྲུམ་སྟེ།
ཕ་གཞིས་ཀྱི་ཚེ་སྲོག་རྒྱུན་མུར་སྐྱོང་སྐད།
ངས་རྒྱང་མཐའ་འདིར། དུང་ཞེན་གྱིས་དྲངས་པའི་སེམས་ངལ་ལག་པས་བསྐྱོར་ཏེ།
ཁྱེད་ལ་འདི་ལྟར་གླེང་འདོད།
དེ་ན་ཁྱེད་ཀྱི་འགྲམ་ངོགས་ནས་མེ་ཏོག་བཏུ་བའི་བྱིས་པ་སྣབས་ལུགས་ཚོ།
ཆུ་བོ་བཅུ་བའི་འབྲོག་མོ་དགོད་ཁ་མ།
ད་དུང་། རྫི་གླུ་ལེན་པའི་འབྲོག་ཕྲུག་བསམ་མེད་ཚོ།
ཀ་ཁ་གྱེར་བའི་སློབ་ཕྲུག་རྐང་རྗེན་ཚོ།
ཁོ་ཚོ། ཁྱེད་རང་བཞུར་སའི་ས་སྒང་དེའི་མི་ཡིན།
ཁོ་ཚོ། ཁྱེད་དང་འདྲིས་པའི་མི་རབས་དེའི་རྒྱུན་ཡིན།
ཁྱེད་ཀྱིས། ཁྱེད་ལ་བརྟེན་པའི་རི་བོ་མཐོ་ས་དེའི་ཕ་གཞིས་སྟོང་གི་མ་འཇུག
ཁྱེད་ཀྱིས། ཁྱེད་ལ་དབང་བའི་མེ་ཏོག་མང་ས་དེའི་གནམ་ས་རལ་དུ་མ་འཇུག
ངའི་ཆུ་བོ། ཕ་ཡུལ་རྩེ་ཆབ་སྔོན་མོ།
ངའི་ཕ་ཡུལ་ན་ཁ་བ་འབབ་ཀྱིན་ཡོད།
--------ཁ་བར་སྤྲོ་བའི་ལྗོངས་རྒྱུ་པར་གླེང་བའི་སེམས་ཚོར།
ས་སྒང་མཐོ་ས་ན་ཁ་བས་གཡོགས་པའི་རི་གྲོང་མཚར་པོ་དེ་ངའི་ཕ་ཡུལ་རེད།
དུས་རྒྱུན་ནས་ཁ་བ་འབབ་ཀྱིན་ཡོད་ལ།
འབབ་ཀྱིན་པའི་ཁ་བའི་ཆེ་ཆུང་ན་བྱ་རྒོད་ཀྱི་གཤོག་པ་ལྟ་བུ་ཡོད།
ས་དོག་མོ་ཆགས་དུས་ནས་ཁ་བའི་གོས་དཀར་གྱོན་པར་དགའ་ལ།
རི་མཐོན་པོ་འབུར་དུས་ནས་ཁ་བའི་དབུ་ཐོད་མནབས་པར་སྤྲོ།
ཕ་ཡུལ་གྱི་མི་ཚོས་ཁ་བའི་མཐུག་ཚད་འཇལ་ཞོར་ཁ་བར་སེམས་ཤ་གླན་ཡོད།
ཁ་བ་དང་ཁོ་ཚོ་སྐྱེས་དུས་ནས་རི་ལུང་དེའི་ཁ་མཐུན་ཞེ་མཐུན་ཡིན།
ཕྱི་རོལ་གྱི་ཁ་བ་མེད་ས་འདིར།
ཉིན་མཚན་མེད་པར་ཉི་མ་མེ་རུ་འབར་འདུག་པས།
སེམས་པ་འདི་ག་དུས་ཡིན་ན་ཙད་པས་སྐམས།
ཁ་སང་ཕ་ཡུལ་ན་ཁ་བ་འབབ་ཀྱིན་པ་ཐོས་པས།
ང་རང་གློ་བུར་དུ་ཁོང་འདར་ཞིག་བརྒྱབ།
ཚ་བ་ཆེ་ས་ནས་མི་ཚོགས་ཀྱིས་ཁ་བ་མི་འབབ་པར་སེམས་འཁྲལ་བྱེད་ཀྱིན།
བརྙན་འཕྲིན་ལས་འཛད་བཞིན་པའི་ཁ་བའི་འཁྱག་རོམ་ལ་བལྟས་ནས་ངུ་ཤུ་བརྒྱབ།
གཟས་ནས་གནམ་གྲུར་བསྡད་དེ་ཁ་བ་འབབ་ས་ཞིག་ལ།
ཁ་བའི་མཛེས་སྡུག་ལ་ལྟད་མོ་བལྟ་བར་བཞུད།
ཁ་བ་ཤོག་སྐྱ་ཙམ་ཞིག་གི་ཁུགས་ནས་ཚོད་ཚོད་ལ་འཕག་འཚག་རྒྱག་ཞོར།
ཁ་བ་དེ་ཁུག་མར་བླུགས་ནས་འཁྱེར་ན་བསམ།
ཁ་བ་དེ་གནམ་གྲུར་བཞག་ནས་བརྐུ་ན་འདོད།
ཁྱོད་ཚོ་ཁ་བར་སྤྲོའམ། ཁ་བར་སྤྲོ་ན་ངའི་ཕ་ཡུལ་དུ་སོང༌།
དེ་ན། ཁ་བས་གྲུབ་པའི་རི་ཚོགས་ཀྱིས་ཁྱོད་ཚོར་མགྲོན་བསུ་བྱེད།
ལྷབ་ལྷབ་ཏུ་འབབ་པའི་ཁ་བའི་མེ་ཏོག་གིས་ཁྱོད་ཚོར་སྐྱེལ་མ་བྱེད།
ཁ་བ་དེ་གནམ་འོག་གི་ཁ་བ་ངོ་མ་རེད།
ཁ་བ་དེ་མི་ཡུལ་གྱི་ཁ་བའི་གཞི་མ་རེད།
འོན་ཀྱང༌། ངའི་ཕ་ཡུལ་གྱི་ཁ་བ་ཁུག་མར་བླུགས་ནས་ནག་ནོག་བཟོས་མི་ཆོག
ངའི་ཕ་ཡུལ་གྱི་ཁ་བ་གནམ་གྲུར་བཞག་ནས་བཞུ་རུ་བཅུག་མི་ཆོག
ཁྱོད་ཚོ་ཁ་བར་སྤྲོའམ། ཁ་བར་སྤྲོ་ན་མགྱོགས་པོར་ངའི་ཕ་ཡུལ་དུ་སོང༌།
དེང་སྐབས་ངའི་ཕ་ཡུལ་ལ་ཁ་བ་འབབ་ཀྱིན་ཡོད་ལ།
འབབ་ཀྱིན་པའི་ཁ་བ་བྱ་རྒོད་ཀྱི་གཤོག་པ་བཞིན་ཤུགས་ཀྱིས་བསྙིལ་གྱིན་ཡོད།
རྒྱང་རིང་ལྷོ་མཐའ་ནས་སྙན་ངག་འདུ་ཚོགས་<ལང་ཚོའི་རྦབ་ཆུ་>ལ་རྟེན་འབྲེལ་དང་བཅས་རང་གི་སྙན་ངག་གཉིས་ལྷོད་ཀྱིས་གྱེར་བ།
རྩོམ་ཁུངས། ངེད་དྲ་བ།