ཆང་གི་ཆར་ཆུ་སྙིང་གི་མཚོ་རུ་འཁྱིལ།
༼སྙིང་གི་བུ་མོར་ཕུལ་བ།
༠
སྡུག་གི་ལོ་མ། ལོ་མ་ནག་པོ།
ཆང་གིས་སྦང་བའི་ལོ་མ།
ར་བཟི་བའི་ལོ་མ།
སྙིང་གི་མཚོ་ཆེན་ན་ཡོམ་ཡོམ་སྐྱོམས།
༡
སེམས་ཀྱི་སྒེའུ་ཁུང་ཆེ་རུ་ཕྱེས་རྗེས།
ཁ་གཏད་དུ་ཡོད་པའི་ནམ་མཁའ།
སྐར་ཕྲན་གྱི་སྐེ་རྒྱན་བཏགས་པའི་ནམ་མཁའ་།
རྨི་ལམ་མེད་པའི་ལམ་འགྲོ་བ་ཞིག
མིག་ཆུ་མེད་པའི་སྙན་ངག་པ་ཞིག
༢
ཐལ་སྐྱའི་སྐག་རྩི་བྱུགས་པའི་ངོ་གདོང་།
ཤི་མདོག་གི་ནམ་མཁའི་ངོ་གདོང་།
བྱ་ཁྱུ་འཕུར་ཤུལ་གྱི་བར་སྣང་སྟོང་བ་རེད།
ལྷིང་འཇགས་ཀྱིས་ར་བཟི་བར་བྱས་པའི་མཚན་ལྗོངས།
བརྩེ་བ་མི་འདུག མིག་ཆུའང་མི་འདུག
༣
དག་དག་ཡོད་ཚད་ལ་ཁ་མདོག་མེད་པའི་དེ་རིང་།
ངའི་བུ་མོ་ཞིག་དྲན་གྱིན་འདུག ངའི་བུ་མོ་ཞིག་སྒོམ་བཞིན་ཡོད།
བུ་མོ་དེ་བདེ་སྐྱིད་བཟང་མོ་རེད།
བརྩེ་བའི་རྨུ་ཐག་རིང་བའི་བུ་མོ་དེ།
ངའི་འབྲི་བཞིན་པའི་དེ་རིང་གི་སྲོག་ཤིང་རེད།
བརྩེ་བ་འདི་གཡང་དཀར་རྒྱུ་བའི་སྤང་ཐང་ཞིག
ལྗང་མདོག་གི་སྤང་ཐང་ཞིག
ངའི་ཕ་ཡུལ་གྱི་སྤང་ཐང་ལས་ཀྱང་མཛེས་པའི་སྤང་ཐང་ཞིག
༤
མེ་ཏོག་གི་ཆར་བ་གཏོར་སྲིད་པའི་ནམ་མཁའ།
འཇའ་རིས་ཀྱི་གུར་ཆེན་ཕུབ་སྲིད་པའི་ནམ་མཁའ།
ཆང་རག་ཁམས་གང་འཐུང་རྗེས་ཀྱི་སེམས་ཁམས་རེད།
རེ་བ་རེད། རྨི་ལམ་རེད།
༥
བུ་མོ་དེ་དྲན་གྱིན་ཡོད། བུ་མོ་དེ་གླེང་བཞིན་ཡོད།
བུ་མོ་དེ་གངས་ཀྱི་མེ་ཏོག་རེད།
བུ་མོ་དེ་མིག་ཆུའི་ཆུ་མགོ་རེད།
བུ་མོ་དེ་དྲན་པའི་མཛོད་བདག་རེད།
བུ་མོ་དེ་ར་བཟི་བར་བྱེད་པའི་ཆང་རག་དམ་བུ་གང་རེད།
༢༠༡༡ལོའི་ཟླ་༡༢་པའི་ཚེས་༦་ལ། སློབ་ཁང་དུ།
རྩོམ་ཁུངས། ངེད་དྲ་བ།