ཨ་ཅེ་དང་ལུག་ཁྱུ།
ས་ཆེན་སྤང་ཁུག་གི་རི་རབ་ཁོད་མི་སྙོམས་སའི་ཡུལ་གྲུ་ཞིག་ན །
ཁ་ཆར་འདྲེས་མའི་བརླན་གཤེར་གྱི་དྲོད་གྲང་མི་སྙོམས་ས་ན །
ལུག་ཁྱུས་འདར་སིག་སིག་གི་ངང་ནས་འབའ་སྒྲ་སྒྲོགས་ཤིང༌།
ཨ་ཅེ་སྣང་སའི་མིག་ཟུང་གི་འོད་སྣང་ལུག་ཁྱུ་ལ་ཕྱོགསའདུག
རྡེའུ་འབུར་ཆེ་གྲས་དང་ས་སྒང་གི་མཐོ་ས་ནས།
ཨ་མའི་རུམ་ནང་འདྲ་བའི་ལྷས་ར་དེར་བལྟས་ཀྱིན་བལྟས་ཀྱིན་དུ།
ངག་འདར་འདར་དང་ལུས་སིག་སིག་ཏུ་གྱུར །
དགུན་གཞུང་གི་ཁ་ཆར་འདྲེས་མའི་ནང་ཁོག་ན །
ལུག་ཁྱུ་དཀར་བོའི་སྤྲིན་ཕུང་ལ་གངས་རིལ་ཆགས་འདུག
བུ་ཡུག་གི་ལྷགས་རླུང་ངར་མའི་སོ་ཁ་ན །
ཨ་ཅེ་སྣང་སའི་ཡ་ཁོག་ན་བསིལ་རླུང་ལྡང་གིན་པ་སུ་ཡིས་རྟོགས།
འདི་ལྟར་མི་ལོ་དུ་མ་ཆུ་བོ་བཞིན །
རྒྱང་ནས་རྒྱང་དུ་ཡལ་རུང༌།
ཨ་ཅེ་སྣང་སའི་སེམས་ཁོང་གི་ལུག་ཁྱུ་དང༌།
ལུག་ཁྱུ་དཀར་བོའི་མིག་ལམ་གྱི་ཨ་ཅེ།
ས་ཆེན་སྤང་ཁུག་གི་རི་རབ་ཁོད་མི་སྙོམས་སའི་ཡུལ་གྲུ་ཞིག་ན །
ཁ་ཆར་འདྲེས་མའི་བརླན་གཤེར་གྱི་དྲོད་གྲང་མི་སྙོམས་ས་ན །
རྩོམ་ཁུངས། ངེད་དྲ་བ།