གྲོང་ཁྱེར་གྱི་ངའི་མཚན་མོ།
མག་མོག་གི་ཁྲོད་དུ
ལྷིང་འཇགས་ཀྱི་གྲིབ་གཟུགས་ཤིག
ངའི་ཉེ་འགྲམ་ནས་ནུར་འགོ་བརྩམས
རང་ཉིད་ཀྱི་སོ་བར་ན་འཚིག་གིན་པའང་དུ་བའི་མེ་ལྕེ་ཁོ་ན་རེད
གོམ་པ་གང་རེ་གང་རེ་ནི
ཕྱིར་མིག་ལ་བཞག་པའི་ལྷན་པོ་དེ་ཡིན
གྲོང་ཁྱེར་གྱི་མཚན་མོར
ངས་རང་ཉིད་ལ་སྐེ་དཀྲིས་ནག་པོ་ཞིག་བཟོས་ཆོག
ཧ་ཅང་ཁུ་སུམ་པའི་བར་སྟོང་དེ
རླུང་ལྡང་བའི་ལོ་མ་ཞིག་གི་འཕུར་སྟངས་རེད
ངས་རང་ཉིད་ཀྱི་སེམས་པ་ལས་འབུར་འོངས་པ་དག
ཡང་བསྐྱར་རང་ཉིད་ལ་འཐིམ་གྱིན་པའི་གོ་རིམ་ཞིག་མཐོང་བྱུང
མུན་པས་མུན་པ་བསྒྲིབས་པའི་སྐད་ཅིག་མ་དེར
ང་ཚོས་སུ་ལའང་འཇའ་ཚོན་ལྟ་བུའི་འཛུམ་མདངས་རེ་བསྟན་ཆོག
སྤྲང་བོའི་ལག་པ་ལྟ་བུའི་ལོ་མ་ཁ་ཤས
ངའི་ཁེར་རྐྱང་གི་གཙང་བོར་སྐྱོམས
2011/11/19
རྩོམ་ཁུངས། ངེད་དྲ་བ།