ནམ་མཁའི་འཛུམ་ཀོང་ལྟ་བུའི་སྐར་མ་འོད་ཆེན།
བསྐོལ་མི་དགོས་པར་བྱ་སྒོང་བཙོ་ཐུབ་པའི་ཆུ་ཁོལ་མ་འདི
བོད་པའི་སྙན་ངག་པ་ཚོའི་རྩ་ལམ་ན་རྒྱུ་བའི་ཁྲག་ཡིན་ན
ཨ་རག་གིས་བསྲོ་མི་དགོས་པར་ཅི་འདྲའི་ཚ་ཨང
སྒྲེན་མོར་འགྲེང་བའི་རི་བོ་འདི་དག་གིས
འབྲོག་མོ་ངོ་ཆུང་ཞིག་གིས་ཁྲུས་གསོལ་ཚུལ་ལྟར
རྐང་བ་ཆུ་ནང་དུ་བསྲིངས་ནས་ཡུན་རིང་འགོར་སོང་ཡང་སྲིད་མོད
ཁོ་མོའི་སྒེག་ཉམས་ཀྱིས་ང་ཡི་སེམས་པ་སྒུལ་མ་སོང
ཕ་ཡུལ ང་ལྗང་སྨྱུག་རྐང་གཅིག་གི་རྣམ་ཤེས་མ་ཡིན་ནམ
གྲོང་ཁྱེར་བ་ཞིག་གི་མིག་ནང་ན་འཁྱིལ་བའི་ཐལ་རྡུལ་དང་འདྲ་བའི
ཁྲི་ཀ་རྫོང་གི་མཐའ་འཁོར་གྱི་རི་སྐྱ་བོ་དེ་དག་བསམ་ན ངས
ཨེ་ཤར་ཡའི་རྩྭ་ཐང་དང་པོའི་དབྱར་ཟླ་དྲུག་པའི་ལྗང་མདོག་དེ་བསྐྱར་དཔར་ཞིག་བྱས་ཏེ
གནས་འདིའི་རི་ལུང་ཡོངས་སུ་གདིང་ན་འདོད་ཀི
མུན་པ་ནི
ཨ་མའི་བྱམས་བརྩེའི་དྲོད་ཁོལ་གྱིས་ཉི་འོད་བསྲེགས་པའི་ཚིག་རོ་དང་འདྲ་བར
གྲང་རླུང་ཞིག་དང་འགྲོགས་ཏེ་ས་ལ་འཐོར་དུས
ནམ་མཁའི་འཛུམ་ཀོང་ལྟ་བའི་སྐར་མ་འོད་ཆེན་དེས
སུ་ཞིག་གི་ཆེད་དུ་གསོལ་འདེབས་ཀྱི་མཆོད་མེ་བཏེགས་ཡོད་དམ
རྨ་བཟའ་མ་ཞིག་གི་རྣམ་དག་ལྟར་དྭངས་པའི་ནམ་མཁའ་ན
སྙིང་གཏམ་ལྟ་བའི་སྐར་མ་འགའ་འོད་དུ་འཚེར
སྐབས་འདིར ངས་ཨ་མྱེས་དངུལ་རྭའི་མགུལ་ནས་ཁུར་ཡོང་བའི
རྫི་གླུ་ཞིག་གི་འགྱུར་ཁུགས་དྲན་ཀི
ཨ་ཕ རྩྭ་ཐང་གི་ལྗང་མདོག་དང་རྨ་ཆུའི་བུ་མོའི་དྭངས་གཙང་ནི
མི་ཡུལ་ན་ལྷག་པའི་ཆེས་མཐའ་མཇུག་གི་མཛེས་སྡུག་རྟ་རྔ་འདྲ་བོ་ཨེ་རེད
2010/2/12
རྩོམ་ཁུངས། ངེད་དྲ་བ།