མཚན་མོའི་འབྲོག་སྡེར་བལྟས་པ།
སྒྱེད་གསུམ་ཅན་གྱི་ཐབ་ཁུང་གི་མེ་ལྕེ
སྦྲ་ནག་གི་ཁ་ཚུབ་ལས་དགུང་ལ་འཕྱུར་ལྟར
མེ་ལྕེ་ཁོ་ན་ལ་བརྟེན་ཏེ
ནུབ་ཟས་བཅས་ཤིང་རྩྭ་ཐང་གི་ལྷིང་འཇགས་དང
བསྡོངས་ཏེ་ཡུན་གྱིས་འཐུང་ཞིང མེ་ལྕེ་ཡི་འོད་ངོག་ནས
མལ་སར་འཛུལ་ཏེ་རྨི་ལམ་རྨི་བའི་འབྲོག་སྡེ་དེ་མ་ཡིན་པར
གྲང་ངར་གྱི་རླུང་བུ
སྦྲ་ནག་གི་ཁ་ཚུབ་དང་སྦྲ་འདབས་ནས་རྒྱུ་ཞིང
གཟིམ་ལ་ཉེ་བའི་མར་མེ་རྐོང་གཅིག་གི
གམ་དུ་བཅར་ཏེ གསོལ་འདེབས་དང་རྒྱང་རིང་གི
སྨོན་ལམ་དང་ལྷན་ཅིག་མལ་སར་འཐིམ་པའི
འབྲོག་སྡེ་དེ་འང་མ་ཡིན་པར
ནམ་མཁའི་སྐར་ཚོགས་སྟེ
ས་ལ་ལྷུང་ཞིང ས་ནས་བཀྲ་བ་ལྟར
སྦྲ་ནག་གི་ལྟེབ་འཚམས་བཞག་པ་ནས
ཡང་ན མེས་པོ་ཚང་གི་ལག་རྩལ་དང་བློ་རྩལ་རིག་གནས
སྲོལ་རྒྱུན་ཅིག་རྒུད་འཚམས་ནས
ས་ཁང་དང རྡོ་ཁང་གང་རུང་གི
སྒེའུ་ཁུང་ལས་དེང་གི་གློག་འོད་འཕྲོ་ཡི་འདུག
ཁང་བའི་ནང་གི་མི་དག
བརྙན་འཕྲིན་དང་ཁ་པར་སོགས་ལ
མིག་དང་རྣ་བ་གླན་ནས
ཚན་རིག་འདི་ཨ་མཚར་ཟེར་བཞིན
ཆོས་ལུགས་འདི་འང་ཡ་མཚན་ཟེར་བཞིན
ཀུམ་ཀུམ་པོར་གྱུར་ཏེ རང་ཉིད་དང་ཡོད་ཚད
འབོར་བཞིན་པ་འདྲ མི་རིགས་ནི་དེ་བས་ཀྱང་་་་་་་
༢༠༡༡.༡༢.༠༤མཚན་ལ་ཕ་ཡུལ་ནས།
རྩོམ་ཁུངས། ངེད་དྲ་བ།