སྲིང་ཆུང་མ། ངེད་གཉིས་རྒྱ་མཚོ་ལ་བལྟ་རུ་འགྲོ།
སྲིང་ཆུང་མ།
གནམ་སྔོན་སྤྲིན་དཀར་གྱི་འོག་ནས
སྔོ་ལྗང་སྤང་ཐང་སྟེང་ནས
ངེད་གཉིས་རྒྱ་མཚོ་ལྟ་རུ་འགྲོ
ལྗང་མདོག་གི་རྨི་ལམ་དེ་མངོན་འགྱུར་ཡོང་ཆེད
ཡང་ན་ལོ་ཆུང་་གི་གཞོན་ནུ་ང་ཚོར་དཀྱིལ་ཡངས་ཀྱི་བློ་སྤོབས་ཤིག་རྙེད་ཕྱིར
རྒྱ་མཚོའི་འགྲམ་ནས
སེམས་ཁོངས་ཀྱི་གླུ་ཆུང་རྣལ་མ་དེ
རླབས་ཀྱིས་རམ་འདེགས་དང་འགྲོགས་ནས་ཤུགས་ཀྱིས་གྱེར་ཆོག
རྒྱ་མཚོའི་འགྲམ་ནས་
ཐོལ་བྱུང་གི་སྙན་ངག་རལ་པོ་དེ
རླུང་གི་རྒྱུ་ཕྱོགས་དང་བསྟུན་ནས་རླབས་ངོས་སུ་འབྲི་ཆོག
སྲིང་ཆུང་མ།
འདི་ནས་རང་གི་མིག་ཟུང་དེ་རྒྱང་ལ་ཕྱོགས་དང་།
འདི་ནས་རང་གི་མ་འོངས་དག་རིམ་གྱིས་གསལ་ཡོང་།
རྒྱ་མཚོ་ནི་ཡོད་ཚད་གསལ་པའི་མེ་ལོང་དེ་ཡིན།
རྒྱ་མཚོར་ཕྱོགས་པའི་ངེད་མིང་སྲིང་གཉིས
རླབས་སྔོན་མོ་མཁའ་ལ་ཕྱུར་བའི་རྒྱ་མཚོའི་འགྲམ་ནས
བརྗེད་རུང་བ་དག་བརྗེད་ཀྱང་རུང་ལ
དྲན་རུང་བ་དག་དྲན་ཡང་ཆོག
མདོར་ན།
ཡོད་ཚད་བདེ་སྐྱིད་དང་རང་དབང་ལྡན་པར
རྒྱ་མཚོ་དང་འགྲོགས་ནས་འགྲོ་དུས
རྒྱ་མཚོའི་འགྲམ་ངོགས་སུ་འགྲེང་ཡོད་པ་ནི་ངེད་མིང་སྲིང་གཉིས་ཡིན་ལ
ངེད་གཉིས་སེམས་ངོ་ན་ཁེངས་ཡོང་བ་ནི་རྒྱ་མཚོ་དང་རླབས་སྒྲ་དེ་ཁོ་ནའོ།།
རྩོམ་ཁུངས། ངེད་དྲ་བ།