རང་ཉིད་མགྲོན་པོ་ཡིན་ཚུལ།
ཁང་མིག་དྲོན་མོ་ཞིག དོ་ནུབ་རང་ཉིད་ལ་དབང
རང་ཉིད་ནི་མགྲོན་པོ་ཡིན་ནའང
སྒེའུ་ཁུང་ཕྱི་རོལ་གྱི་མུན་ནག་དང་གློག་སྒྲོན་མ་ཡིན་པ
རང་གིས་ལོངས་སུ་སྤྱད་ཆོག་མོད
ཁྲུས་ལ་རོལ་ནས མལ་ཐལ་དང་ཉལ་གདན་དཀར་པོ་དག་ཡོད་ནའང
དྲོ་གྲང་མི་སྙོམས་པའི་རང་གི་ཕྱི་ནང་ནི
དྲན་པ་མག་མོག་ཅིག་ལྟར
གང་ཞིག་ལ་ཁད་ཀྱིས་ཁྱབ་ཡོད
སྒོ་དང་སྒེའུ་ཁུང་གི་གསེབ་ནས་ཉི་ཟེར་འཇམ་པོ་རེ་བཞུར་ཡོང་ནའང
ལྷོད་ཆགས་ཀྱི་མིག་ཟུང་ལས་མགྲོན་པོ་ཡིན་པའི་བག་ཆགས་ཤིག་ཅི་ལ་མི་སྟེར
མལ་ས་གྲལ་དག་པོ་རེ་དང་ཁོར་ཡུག་འཇམ་ཐིང་ཐིང་རེ་ན
དགོས་ཆེད་ཡིན་པའི རྐང་ལག་གི་རྐྱོང་སྐུམ་ཞིག
ཁོད་ཡངས་ངེར་རང་ལ་གནངས་ཡོད་པས
ངལ་དུབ་མང་པོ་ཞིག་མགྲོན་ཁ་ནས་སྤུར་རྗེས མི་རབས་འགའི་རྨི་ལམ
སྐྱེལ་མ་དང་རིམ་གྲོ་ཡི་རྒྱགས་ཕྱེ་རུ་འགྱུར་འགྲོ་བར
མལ་ཁྲི་ཆུང་ཆང་ཞིག་གིས་བསུ་མ་བྱས་ཡོད
གྱང་ངོས་ན་ཅེར་ཡོད་པའི་མེ་ལོང་གྲུ་བཞི
མལ་ཁྲིའི་འགྲམ་ན་བརྟན་པའི་ཅོག་ཙེ་སྒོར་སྒོར
ད་དུང ཡོལ་བ་འཐེན་ཡོད་པའི་སྒེའུ་ཁུང་ཆུང་ཆུང
མེས་པོ་ཞིག་ཇག་ལམ་ནས་ལུས་ནའང
མགོ་བོ་ཁེན་སའི་ས་གཞི་དང་མིག་ཟུང་གཏད་སའི་ནམ་མཁའ
ད་དུང ཅ་ལག་ལྟ་བུའི་རྩྭ་ཐང་དང་ནགས་ཚལ
ད་ནི་རང་གི་གོམ་སྣེ་ནས འདི་དག་མཐོང་ཞིང
འདི་དག་དྲན་ཡོང
ད་ནི་རང་ཉིད་མགྲོན་པོ་ཡིན་ཆོག
ཕ་ཡུལ་ནས་གསོགས་པའི་ཚུལ་དྲི་གཞིས་ཀ་འདི་ནས་བཀྲུས་ཆོག
ཆག་རོ་ལྟ་བུའི་དབང་བོ་ལྔ་བོའི་གསེང་ཡང མེ་ལོང་ཞིག་གིས་སྦྱར་ཆོག
མགྲོན་པོ་ཡིན་པས ཡབ་མེས་ཀྱིས་ཇག་ལམ་ནས་དཔའ་གླུ་ལེན་པ་ལྟར
རང་གིས་ཀྱང་མཛའ་གཞས་ཤིག་ཁོ་མོར་བཏང་ཆོག
༢༠༡༢ ༠༡ ༠༦ཉིན་རེབ་གོང་གི་མགྲོན་ཁང་ཞིག་ནས།
རྩོམ་ཁུངས། ངེད་དྲ་བ།