འགྱུ་བའི་ཁམས།
___མཱེ་ཁར་ལྗག་སོན་ལགས་ཀྱི་གླུ་གཞས་ང་ཚོ་ཁེར་རྐྱང་མིན་ཞེས་པར་ཉན་པ།
གྲང་སྣང་ཡལ་བའི དྲོད་ཁོལ་མེད་པའི་བར་སྣང་དེ
གློ་མཆིན་ལ་འདར་ཡོམ་ཞུགས་ཤིང
སྙིང་ཆུང་ལ་འཕར་ལྡིང་བྲལ་བའི་རླབས་རིས་ཤིག
ཡར་ལ་འཕྱོ་བའི་མིག་གི་འོབས་ཀླུང
མར་ལ་འགྱུ་བའི་རྣ་བའི་དཔྱངས་ཟམ
གྲུ་གཟིངས་ཆུང་ཆུང་དང་བཅས
ང་ལ་འབོད་པས་བསྐྱོད་ཡོང
རླབས་ངོས་ནས་འགྲིལ་ཡོང་བའི་ཆུ་ཐིགས་ཐོར་བུ
ངའི་མགྲིན་སྒོ་ནས་བྲང་ཀ་གཤགས་ནས
དལ་ལྷོག་ལྷོག་ངང་སྐོམས་སེལ་བཅུས་སོང
དྲན་པ་བཟི་བོ སྣང་བའི་རླུང་བུའི་གཤིས་ལ་འགྱུ
མག་མོག་ངང་གསལ་ལེར་འཚེར་བའི་འཕྱོ་འཇགས་དེ
མིག་གིས་དེད་ནས་འོབས་སུ་འཛུལ
རྣ་བས་ཀྱང སྣེ་ཙམ་ཟིན་ནས
རྡུལ་གྱི་དཔྱངས་ཟམ་ལ་སིམ
དགའ་སྐྱོ་གང་ལ་འཛུལ
དྲོད་གྲང་གང་ལ་སིམ
གྲུ་གཟིངས་ཆུང་ཆུང་ལྟ་བུའི
གདངས་དབྱངས་དྭངས་མོ་ཞིག
གནམ་ས་མེད་པར་འཕྱོ
གསལ་མོག་མེད་པར་འཚེར
༢༠༡༢ ༠༡ ༡༢ ཉིན་རྩེ་ཁོག་གི་མཚན་མོ་ཞིག་ལ།
རྩོམ་ཁུངས། ངེད་དྲ་བ།