ཅང་མེད་བ་གམ་ཁང་སྟོང་།
ཤ་ཁྱི་དང་ཨ་ཡུ་མཇུག་དཀར་ལས་བྱུང་བའི་འདོགས་ཁྱི་རྫུན་མ།
ཨར་འདམ་ལས་བརྩེགས་པའི་བ་གམ་ཁང་ཟུར་གྱི་གྲུ་ཆ་ཆུང་ཆུང་ཞིག་ཏུ།
ཁུ་སིམ་མེར།
མིག་ཅེ་རེར༌།
སྦྱིན་བདག་གི་གདོང་གཤིས་ལ་བརྟག་པ་བྱེད་ཀྱིན་སྡད་ཡོད།
ཀླུ་ཡི་ཕོ་བྲང་ལ་འགྲན་བཟོད་པའི་བ་གམ་ཁང་བཟང་གི་སྦྱིན་བདག།
བཞིན་ངོའི་འཛུམ་མདངས་ཀྱི་ཉི་ཟེར།
དོན་ཅི་ཞིག་གམ།
རྐྱེན་གང་ཞིག་གི་སྤྲིན་ནག་སྟུག་པོས་བཀབ་བམ།
སྐབས་རེ། འདོགས་ཁྱིར་ཆོ་ལོ་བསྩལ་བའི་རང་ཉིད་ཀྱི་འདོགས་ཁྱི་རྫུན་མ་དེར།
ཅི་ཡིན་མིནཔའི་ཚིག་རྩུབ་རེ་བརྗོད་ཀྱིན།
ཡང་མཚམས་རེ། གྲོང་པའི་ཁང་བཟང་ཡིད་འོང་དེར་ཟུར་མིག་འཕེན་ཀྱིན།
སྐྱབས་འགྲོའམ་མི་ཁ་དགྲ་ལྡོག་ཅི་ཞིག་ངག་ཏུ་སྐྱོར་མིན་མི་ཤེས་པར།
ཁ་ནས་ཡུན་རིང་མུག་མུག་གི་ཁ་འདོན་དེ་འདོན་འགོ་འཚུགས།
དེ་མ་ཐག།
སྦྱིན་བདག་དེ་ཅི་ཞིག་ཡིད་ལ་དྲན་པ་བཞིན།
མཐོ་ཞིང་བརྗིད་པའི་རང་ཉིད་ཀྱི་ཁང་པར་རྒྱང་བལྟའི་ཚུལ་གྱིས་ལྟ་ཙམ་བྱས་ཏེ།
ཕྱི་སྒོའི་གླང་རྟ་འཕྲེད་ཉལ་ཚོན་གྱིས་ལྟ་བས་མི་ངོམས་པ་དེར།
ཐང་གཅིག་ལག་ཟུང་གིས་བྱིལ་བྱིལ་ལ་བཞུགས།
དེ་ནས་རྟབ་རྟོབ་པོར་ཁང་པའི་སྦུག་ཏུ་འཛུལ།
ཁང་སྦུག་གི་གོམ་སྒྲ་ནི་བྲག་ཆ་བཞིན་གསལ་པོར་གྲགས་འོང༌།
ཡུད་ཙམ་ནས་སྦྱིན་བདག་དེས་སྒོ་ལས་ཆེ་བའི་རང་ཉིད་ཀྱི་སྒེའུ་ཁུང་ཞིག་ནས་མགོ་བོ་ཕྱེད་ཙམ་སྟོན་ཏེ།
ཕྱི་རོལ་གྱི་རང་བྱུང་མཛེས་ལྗོངས་ལ་མིག་མདའ་ཡུན་རིང་འཕངས།
ཕལ་ཆེར། ཁང་པའི་ནང་རང་ཉིད་ལས་མི་གཞན་སུ་ཡང་མེད་པ་འདྲ།
འོ་ན་སྦྱིན་བདག་དེའི་བུ་ཕྲུག་ཚོ་གང་དུ་སོང་ཡོད་དམ།
གཤོག་རྩལ་རྒྱས་པའི་རྒོད་ཕྲུག་བཞིན་འཕུར་སོང་བ་ཨེ་ཡིན།
གང་ལྟར། དྲོད་འཁོལ་གྱི་དབེན་པའི་བ་གམ་ཁང་སྟོང༌།
ལམ་ལ་ཆས་བཞིན་པའི་མགྲོན་པོ་ཞིག་གི་གནས་ཚང་དེ་ཅི་ལ་མིན།
དུས་དེ་ནས་བཟུང༌། ངས། མཐོ་ཞིང་བརྗིད་པའི་བ་གམ་ཁང་པ་དེ་དག།
ཅང་མེད་ཁང་སྟོང་འབའ་ཞིག་ཡིན་པ་ལས་ཀླུ་རྒྱལ་འཇོག་པོའི་ཕོ་བྲང་དེ་མིན་པ་རྟོགས། །
ཤོ་ཤར་ཚེ་རིང་རྒྱལ་པོ་ནས་ ༢༠༡༢ལོའི་ཟླ་༡ ཚེས་༡༥ཕྱི་དྲོ་ལྷོ་ཁ་རྩེད་ཐང་དུ༌།
རྩོམ་ཁུངས། ངེད་དྲ་བ།