ཕྱེ་མ་ལེབ།
ཆར་རླུང་དྲག་པོ་དེའི་རྗེས་སུ།
སྐྱ་རེངས་ཀྱི་ཡོལ་བས་བཀྱགས་པའི་ཕྱེ་ལེབ་མང་པོས།
ཉི་ཟེར་གྱིས་རྒྱན་པའི་མཛེས་སྡུག་གི་གཤོག་འགྱུར་མངོན་ཞོར།
ནམ་མཁའི་དྭངས་གཙང་གི་ངོ་གདོང་གཡོགས་ཤིང་།
ས་གཞིའི་ཡིད་འོང་གི་མིག་ཟུང་བསྒྲིབས་པ།
ཉིན་མོ་ཞིག་གི་ཆེས་ཐོག་མའི་རེ་བའི་མེ་ཏོག་བཞད་སྟངས་ཡིན་ནམ།
དུས་ཚིགས་ཤིག་གི་ཆེས་མཐའ་མའི་ཕམ་ཁའི་ཁ་བ་བཞུ་ཚུལ་ཡིན།
འདབ་གཤོག་གི་ཁ་དོག་མི་གཅིག་ལ་འཕུར་ལྡིང་གི་སྟངས་སྟབས་མི་འདྲ་བའི་ཕྱེ་མ་ལེབ།
ཡུལ་ལྗོངས་གང་ནས་ཕེབས་ཤིང་རི་ལུང་གང་དུ་ཉུལ་འགྲོ་མི་ངེས་པའི་ཕྱེ་མ་ལེབ།
སུ་ཞིག་གི་བཀའ་རྒྱ་བཞིན་ཤར་ནས་ལྷོ་རུ་འཕུར་ཞིང།
ཅི་ཞིག་གི་རེ་འདོད་ལྟར་ནུབ་ནས་བྱང་དུ་བརྒལ།
འདར་ལྕུག་ལྕུག དམར་ལྷེམ་ལྷེམ།
འཇའ་ཚོན་གྱི་སྣེ་མོར་འཁོར་བའི་ཕྱེ་མ་ལེབ།
ལྗོན་ཤིང་གི་རྩེ་མོར་རྩེན་པའི་ཕྱེ་མ་ལེབ།
མེ་ཏོག་གི་འདབ་མར་འཁྱུད་པའི་ཕྱེ་མ་ལེབ།
བུ་མོ་ཉམ་ཆུང་ཞིག་གི་མིག་གོང་གི་མཛེས་བ་འཕྲོག་མཁན།
བྱིས་པ་བསམ་མེད་ཅིག་གི་སེམས་ཁོང་གི་དགའ་བ་བརྐུས་མཁན།
རྒན་པོ་དབུ་དཀར་ཞིག་གི་ཡིད་ཆེས་ཀྱི་དབུགས་རྒྱུན་འཁྱེར་མཁན།
རི་ཆུའི་ལང་ཚོ་སྦྲུམ་བའི་ཀླུ་མོ་ཁྱོད།
གནམ་སའི་ལས་དབང་སྒོམ་པའི་གླེན་པ་ཁྱོད།
དུས་གསུམ་གྱི་རྨི་ལམ་སྒུམ་པའི་ལྷ་མོ་ཁྱོད།
ལོ་ཟླའི་གཏམ་རྒྱུད་གསེང་ན་ལྷོད་ཀྱིས་འཛུམ་ལ།
དུས་བཞིའི་སྙན་ངག་ཁྲོད་ན་ངང་གིས་འཚར།
རྣམ་རྟོག་གིས་བཞེངས་བའི་མཛེས་སྡུག་གི་ཕྱེ་མ་ལེབ།
ད་ནངས་གང་ནས་ཕེབས་ཤིང་དོ་དགོང་གང་དུ་འཕུར་རམ།
འཕྲུལ་སྣང་གིས་བསྐྲུན་པའི་ཡིད་འོང་གི་ཕྱེ་མ་ལེབ།
དེ་རིང་གང་དུ་བབས་ཤིང་སང་ཉིན་གང་ལ་འགྲོ
ཡིད་ཆེས་ཀྱིས་འཚོ་བའི་ཕྱེ་མ་ལེབ་ཀྱི་ཁྱུ།
དད་འདུན་གྱིས་འཕུར་པའི་ཕྱེ་མ་ལེབ་ཀྱི་ཚོགས།
རེ་སྒུག་གིས་རྩེན་པའི་ཕྱེ་མ་ལེབ་ཀྱི་སྡེ།
ད་དུང། ཁ་དོག་དབེན་པའི་ཕྱེ་མ་ལེབ་ཆུང་ཆུང་དང།
འདབ་གཤོག་སྟོང་བའི་ཕྱེ་མ་ལེབ་ཆེན་པོ།
ཁ་ཕྱོགས་བྲལ་བའི་ཕྱེ་མ་ལེབ་ནག་པོ་སོགས།
མང་ནས་མང་དུ་ཕྱིན་པའི་རྒྱུ་རྐྱེན་ཅི་རེད།
ཉུང་ནས་ཉུང་དུ་སོང་བའི་གསང་བ་གང་རེད།
གཤོག་པ་ཡོད་ཀྱང་འཕུར་མི་ཤེས་པའི་ཕྱེ་མ་ལེབ་འདི་ཚོ།
མིག་རིས་ལྡན་ཡང་དཀར་ནག་མི་རྟོགས་པའི་ཕྱེ་མ་ལེབ་འདི་ཚོ།
ཡང་སྙིང་ལྷ་སྒྲུང་ཞིག་གི་བསླུ་བྲིད་ལས་འབུས་ཤིང་།
ལྷ་སྒྲུང་གཞན་ཞིག་གི་རྟོགས་བཟོ་ལ་འཐིམ་ངེས་པའི་ཚེ་སྲོག་ཡིན།
ཕྱེ་མ་ལེབ།
སུ་ཞིག་གི་མིག་མཐའི་མཆི་མ་རུ་གྱུར་ཞིང།
གང་ཞིག་གི་སེམས་པའི་ན་ཟུག་ཏུ་གྲུབ་ལ།
ཅི་ཞིག་གི་ལུས་པོའི་ཚེར་མ་རུ་ཆགས་པའི་ཁྱོད།
ཐག་ཉེ་ནས་ཐག་ཉེར་སྣང་ཡང།
ཐག་རིང་ནས་ཐག་རིང་ཏུ་གྱེས་དོན་ཅི་ཡིན།
༢༠༡༢།༤།༡༣ ཉིན་ལས་ཤག་ཏུ་བྲིས།
རྩོམ་ཁུངས། ངེད་དྲ་བ།