ཁྱོད་དང་བྲལ་བའི་ཉིན་མཚན་འདི་ཚོར།
སྤྲིན་པ་འདི་སྐྱོ་ངལ་ཇི་བཞིན་རི་རྩེ་ནས་རྒྱུ་དུས།
ཆར་བ་འདི་སྙིང་གཏམ་ཇི་བཞིན་ཡ་ཆུབ་ལ་འཐིམས་དུས།
བསིལ་རྩ་འཇམ་པོ་དང་མེ་ཏོག་མོད་པོ་འདིའི་སྐྱེ་སྟངས་རེ་རེ།
ཁྱོད་ཀྱི་ལང་ཚོ་ཁོ་ན སུ་ཞིག་གི་ཡ་ཆུང་ན་རྒྱུ་བའི་དྲན་ཤིང་གི་མཆི་མ་རེད།
རྟག་བརྟན་གྱི་ལྷུ་བཞི་འཁྱོར་བའི་རྒྱང་རིང་གི་ན་ཟུག་ཁྱོད།
ངས་མི་ཧྲེང་གི་གླེང་བརྗོད་སྒྱེ་གང་ཁུར་ནས།
ཁྱོད་དང་བྲལ་རྗེས་ཀྱི་ནམ་ཟླ་མག་མོག་འདིའི་སྣང་ངོར་རོལ་དུས།
བྲིས་ན་བཀའ་བསྟན་ལས་མང་བའི་གདུང་བ་དེ་གང་ལ་འཇོག
བཤད་ན་ལོ་རྒྱུས་ལས་རིང་བའི་སྐྱོ་བ་དེ་སུ་ལ་བརྗོད།
དེ་བཞིན་སེམས་དོན་ལྕི་བའི་གླུ་གཞས་དེ་རྒྱང་བཞུད་གྱི་ལྟ་གོན་རེད་སྙམ།
དྲན་པ་འདི་རླུང་བུ་དང་སྡེབ་ནས་ཁོར་ཡུག་གི་ཀློང་རིམ་ཉུལ་དུས
རི་མཐོན་པོ་ཞིག་འདར་གྱིན་འདར་གྱིན་ཉུལ་ཐལ།
ཆུ་གཙང་བོ་ཞིག་རྙོག་གྱིན་རྙོག་གྱིན་ཆད་ཐལ།
ང་ནི་སྨྲེ་ངག་གཤོག་སྟེང་ལ་ཁུར་བའི་བྱེའུ་ཆུང་ཇི་བཞིན།
ཕྱིར་འབབ་སའི་བྲག་ཐེམ་རེ་རེ་ནས་ཁྱོད་ཀྱི་མཛེས་སྡུག་གི་རྒུམ་བུ་འཐུ་དུས།
རྣམ་ཤེས་དྲན་སྣང་ལ་བསྒྱུར་བའི་ཉིན་མཚན་གཉིས་གཡེར་མེད་དུ་རོལ།
བརྩེ་བ མི་སེམས་ལ་སྐྱུར་ཁ་སློང་བའི་དྲན་སྣང་གི་རྟོག་འགྱུ།
དུང་བ སྨྱུ་གུ་ལ་མེ་ལྕེ་འབར་བའི་ཚེ་སྲོག་གི་སྣང་གླུ
ངའི་མི་ལོ་ཞིག་གི་བརྩེ་དུང་དེ་རྒས་རྒྱུ་མེད་ན་སྙམ།
མ་གཞིར་ཁྱོད་ལ་དུང་དྲགས་པའི་དབང་གིས།
དམིགས་ཡུལ་བརྩེ་གཅིག་མའི་ཕྱིར་འདང་གི་མངོན་གསལ་ཀློང་ན།
རང་སེམས་གསོ་བའི་རྒྱུ་ཆ་ཞིག་གི་མྱོས་བུམ་ལ་རོལ་དུས།
དྲན་འཛིན་ན་བསུབ་དུ་མེད་པའི་ཁྱེད་ཀྱི་སྐྱེ་གཟུགས་གི་ལྗོན་པ་དེ།
འགྲུལ་བཞུད་ཀྱི་ཕྱི་མིག་ལ་བརྒྱུས་པའི་སེམས་དོན་གྱི་ཁུར་བོ་ཞིག
ངའི་མི་ལུས་ཀྱི་སེམས་པ་གསོན་པོ་དེ་ཤིང་ལོ་རླུང་ཁུར་ཞིག་གི་འགྲོས་ཉམས་ལྟར།
སྡེས་ཆེན་པོ་འདིའི་སྒལ་གཞུང་ནས་ཉམ་རེ་ང་།
ཞེན་ཆགས་ཀྱི་སྐྲ་ལོ་རླུང་གི་འཛིང་བའི་གོ་རིམ་འདི།
ངའི་ཁྱོད་རང་སེམས་པའི་རེ་སྒུག་གི་ངལ་དུབ་ཡིན་པ་ ཚོར།
འུ་གཉིས་ཀྱི་ལྷན་འཛོམས་བྱུང་སའི་སློབ་གླིང་གི་གསང་གཏམ་དེ།
མུན་པ་ལས་རྙེད་པའི་ཉི་ཟེར་གྱི་དྲོལ་ཁོལ་རེད།
དེ་ལྟར ཉི་ནུབ་དང་སྐྱ་རེངས་བར་མཚམས་རེ་ནས།
“རོགས་འདང་ཆེན་སྙིང་གི་ཕྱེད་ག
ཚིག་སྙན་མོའི་འབྲེལ་ཞིག་ངས་འཇོག”
༢༠༡༡.༨.༡༨ཉིན་ཆབ་ཆ་ནས་སྦྱར།
རྩོམ་ཁུངས། ངེད་དྲ་བ།