སྐོར་ལམ་དང་བགྲེས་སོང་།
གྱ་གྱུའི་བཤུལ་ལམ
རྡོ་བའི་རྨུ་སྐས
སེམས་པ་དང་ཆེས་ཉེ་སའི་བར་ཐག་སྟེ
མཁར་བས་སྐྱོར་བའི་བགྲེས་སོང
བགྲེས་སོང་གིས་སྐྱོར་བའི་མཁར་བ་གཉིས
དལ་བ་དལ་བུར་དག་ཞིང་ལ་སྐྱོད་ཀྱིན་འདུག
འཐེང་གིན་འཐེང་གིན་ཤམ་བྷ་ལར་ཆས་ཀྱིན་འདུག
མ་ཎི་རྡོ་འབུམ
མ་ཎི་འཁོར་ལོ
བགྲེས་བོ་ཚོའི
ཆེས་མཐའ་མཇུག་གི་སེམས་རྟེན་དང
ཆེས་མཐའ་མཇུག་གི་གནས་མལ་ཡིན
སེམས་པ་སྐྱོ་བས་གདུང་དུས
མགོ་བོ་རྡོ་བར་དུད
ཡིད་ཀྱིས་མ་ཎི་རེག
སྡུག་སྨེ་དང་ཡིད་ཆད་ཡོད་ཚད
ཤབ་ཤུབ་ཀྱིས་སྨྲ་ཞིང
གསོལ་འདེབས་དང་སྨོན་ལམ་མཐའ་དག
ཁ་རོགས་ཀེར་དམིགས
བསམ་གཏན་དང་ཏིང་འཛིན
གསེར་ཏོག་གི་རྨི་ལམ་ན་འཇགས
གྲྭ་བ་དང་ཁ་དོག
དགོན་གྲོང་གི་གླིང་བར་ན་འཚུབ
གྱ་གྱུའི་སྐོར་ལམ
འཆི་བ་དང་ཐར་བ
སངས་རྒྱས་དང་དཀོན་མཆོག
རྒ་བ་དང་རེ་བ
རྣམ་ཤེས་ཀྱི་གཟུགས་གཞི་རྒུད
འདུ་ཤེས་དང་སྨྲ་ལྕེ་འདར
༢༠༡༢ ༣ ༡ མདོ་སྨད་ཙ་རི་ཏྲ་གཉིས་པ་ནས།
རྩོམ་ཁུངས། ངེད་དྲ་བ།