ཁ་བ་བབས་དྲགས་པའི་དགུན་གཞུང་།
ན་ནིང་ཡོས་ལོ་ཡོལ་བ་བཞིན་ཕར་ལ་དེད་རྗེས
ད་ལོ་འབྲུག་གི་ལོར་ཁ་བས་ཉལ་ཐུབ་ལྟར་ས་གཞི་གཡོགས་སོང
གཡོགས་ཐེངས་མང་ཞིང་གཡོགས་ཐེངས་རིང་བས
དགུན་ཁ་དེར་མགོ་ལོག་གི་འབྲོག་པ་ཚོར་གོད་ཆག་བཟོས་ཤིང
དཔྱིད་ཀ་འདིར་ཕྱོགས་ཡོངས་ཀྱི་རོང་བ་ཚོར་དལ་འགོར་བྱས་སོང
ཁ་བ་བབས་དྲགས་པའི་དགུན་གཞུང་འདིར
འབྲོག་པ་ཚོས་མཚན་མོ་མང་བོ་ཞིག་ཇི་ལྟར་བསྐྱལ་ཨང
རོང་བ་ཚོས་དཔྱིད་ཀ་ཞིག་ལ་ཇི་ལྟར་སྒུག་ཨང
ཁ་བ་དགུན་གཞུང་ལ་མཚམས་པའི་ཁྱད་ཆོས་ཁོ་ན་དེ་ཡིན་ཞིང
དཔྱིད་ཀར་སྙེག་པའི་སྔ་ལྟས་གཅིག་པུའང་ཡིན
ན་ནིང་ལྟར་སེམས་གཏམ་ཡོད་ཚད་སྙན་ངག་ལ་ཕར་རྗེས
ད་ལོ་སྙན་ངག་ལ་དགའ་བའི་ངས་སྙན་ངག་ཇི་ལྟར་མགོ་བརྩམ་དགོས་པ་དེ་མི་ཤེས
བསམ་ཐེངས་མང་ཞིང་བསམ་ཐེངས་རིང་བས
དགུན་ཁ་དེར་སྙན་ངག་ཁ་བ་ལྟར་མི་ལ་གྲང་ངར་སྟེར་བ་ཞིག་ལ་འཁྲུལ་ཞིང
དཔྱིད་ཀ་འདིར་སྙན་ངག་ས་བོན་བཞིན་མི་ལ་རེ་བ་སྦྱིན་པ་ཞིག་ལ་རློམ་ཡོད
ཁ་བ་བབས་དྲགས་པའི་དགུན་གཞུང་འདིར
ཁ་བ་བཞིན་དཀར་བོང་བོང་གི་སྙན་ངག་ཅིག་ཇི་ལྟར་འབྲི་ཨང
ས་བོན་ལྟར་གསོན་ཤུགས་ཀྱིས་ཁེངས་པའི་སྙན་ངག་ཅིག་གང་ནས་རྙེད་ཨང
སྙན་ངག་ནི་ཁ་བ་ལྟར་དགུན་གཞུང་གི་མེ་ལྟར་འབར་བའི་གསོན་ཤུགས་ཤིག་ཡིན་ལ
དཔྱིད་ཀར་སྙེག་པའི་རེ་བ་ལྗིད་མོ་ཞིག་ཀྱང་ཡིན
༢༠༡༢ ༣ ༢༢ཕ་ཡུལ་ནས།
རྩོམ་ཁུངས། ངེད་དྲ་བ།