སྐུ་ཞབས་ན་རོ་དྲན་ཚུལ་གཞན་ཞིག
ན་རོ་ནི་དབྱངས་ཡིག་ལས་ཡངས་བར་བརྐྱངས་པའི་ང་རོ་ཞིག་ཡིན
ན་རོ་ནི་ཨ་མདོ་ནས་ལྷ་སར་འཕྲོས་པའི་སྐུ་ཞབས་ཤིག་ཡིན
དཔྱིད་ཀ་ཞིག་ལ་འགྲེལ་བཤད་བྱ་དུས
དབུ་འཁྱུད་དང་འདྲ་བར་རྟེན་འབྲེལ་ཀུན་གྱི་མགོ་མ་ཡིན་ཚུལ་གླེང་གིན་ཡོད
ཨ་མ་ཞིག་ལ་ཕྱིར་དྲན་བྱས་དུས
སླེ་བོ་དང་མཉམ་པར་ལྕི་བ་དང་ས་རྡུལ་གྱིས་བརྒྱན་པའི་དབྱངས་ཅན་མ་ཞིག་ལ་འཁྲུལ་གྱིན་ཡོད
ཞིང་བ་ཞིག་ལ་སྐྱིད་སྡུག་གླེང་དུས
ལྕགས་ཁེམ་དང་ཐང་གཤོལ་དང་འདྲ་བར་ཞིང་ཚིགས་ན
ལུད་རྫས་དང་ལྡུམ་སྨན་གྱི་རིན་གོང་ལ་སེམས་ཚེགས་ཀྱིན་ཡོད
བོད་པ་ཞིག་ལ་འདོད་འདུན་གླེང་དུས
བར་སྐོར་དང་ཇོ་ཁང་དང་འདྲ་བར་ལྷ་ས་ན
པོ་ཏ་ལ་དང་འདྲ་བའི་བརྩམས་ཆོས་མཐུག་པོ་ཞིག་ལ་སེམས་ཀྱིས་རེག་ཅིང་ཐོད་པས་ཐུག་འདོད་ཡོད
ན་རོ་ནི་དཔྱིད་ཀའི་པང་ནས་ཆས་པའི་མྱི་བུ་ཞིག་ཡིན
ན་རོ་ནི་ཞིང་བའི་ཁྱིམ་གྱི་རེ་བ་དང་མཉམ་པའི་གསར་བུ་ཞིག་ཡིན
ན་རོ་ནི་ཨ་མའི་གཏམ་རྒྱུད་སྙན་ངག་ལ་བྲིས་མྱོང་བའི་སྙན་ངག་དེ་བདག་པོ་ཞིག་ཡིན
ན་རོ་ནི་ཉི་མ་ལྷ་ས་ན་སྙན་ངག་བཞིན་ནར་སོན་གྱིན་པའི་སྐུ་ཞབས་ཤིག་ཡིན
སྐུ་ཞབས་ན་རོ་དྲན་ཚུལ་ནི
<ལྷ་ས་ནས་ལྗང་བུ་དྲན་པ་>དང་འདྲ་བར
དྲན་ཚུལ་གཞན་ཞིག་ཡིན
སྐུ་ཞབས་ན་རོ་གླེང་བ་ནི
བིས་མདོ་ནས་བསེ་ཆང་གླེང་བ་དང་འདྲ་ཞིང
ཨ་མདོ་ནས་ལྷ་ས་གླེང་བ་དང་འདྲ་བར་ཁ་བ་ཅན་དང
སྙན་ངག་གླེང་ཚུལ་གཞན་ཞིག་ཡིན
དབྱངས་ཡིག་ན་རོ་ནས་སྐུ་ཞབས་ན་རོ་བར་དང
སྐུ་ཞབས་ན་རོ་ནས་ན་རོའི་སྙན་ངག་བར
ན་རོ་དང་འདྲ་བར་ཡངས་བར་བརྐྱངས་ཤིང
ཕུན་སུམ་ཚོགས་པར་སྙན་ངག་ལེགས་པོ་ཞིག་གི་ནང་སྙིང་བཞིན
བློ་ལ་སིམ་ཞིང་ནམ་ཡང་དྲན་གྱིན་ཡོད
༢༠༡༢ ༢ ༢༣ཕ་ཡུལ་ནས།
རྩོམ་ཁུངས། ངེད་དྲ་བ།