ཁྱེད་དང་ཉེ་བའི་གློ་བ།༼ཞར་བཀོད་གཉིས་ཡོད༽
བྱིས་པ་འདི་དག་ཡིད་བཞིན་ནོར་བུའི་རྩེད་ར་ཡི་ཁྲོད་དུ་གནས་ཏེ
ལྭ་བའི་ཨམ་ཕྲག་ལྷུག་པོར་འཇོལ་བའི་གསེབ་ཏུ
རྡོ་བ་དཀར་ནག་གང་རེ་རུམ་ཞིང
འདོད་འཇོ་ཡི་འབྲི་མོ་ཞིག་རྙེད་པའི་མཚར་སྣང་གིས
གོམ་ཁ་བྲེལ་བྲེལ་ངང་སུ་ཚང་གི་སྒོ་རྩར་སྙེག་གིན་འདུག
བྱིས་པ་འདི་དག་ནི་བྱིས་པ་མིན་ཏེ
བརྩེ་བའི་མེ་ལོང་ལ་དྲི་མ་དོར་ཟིན་པའི་སངས་རྒྱས་ཁོ་ན་རང་ཡིན་པས
སྔ་ས་ནས་འཛུམ་མདངས་ཀྱིས་སད་འདུག་ལ
འཕྱི་སར་བསླེབས་དུས་ཀྱང་འཛུམ་མདངས་ཀྱིས་གཉིད་འགྲོ་བས
ཁོ་ཚོའི་རྨི་ལམ་ཡང་འཛུམ་མདངས་ཀྱིས་རྨི་བཞིན་ཡོད་ན
ངུར་སྒྲ་ཡང་མོ་ཙམ་གྱི་ཐོབ་སྐལ་ཡང་ད་རེ་རྙེད་མི་འོང་བས
བྱིས་པ་འདི་ཀོ་ནི་བྱང་ཆུབ་ལྗོན་པའི་རྩེ་རུ་སྨིན་པའི་སིལ་ཏོག་ཅིག
སུ་ཞིག་གི་གློ་བ་ཉེ་ས་ནས་འཚོལ་དགོས
བཙལ་བཙལ་བའི་མཐར་གཏུགས་ཚེ
ཉི་མ་འོད་གྱི་ལེར་ལག་མཐིལ་དུ་ལེན་པའི་གྲུབ་ཆེན་པ་དག་ཀྱང
བྱིས་པ་ཞིག་གི་འོད་ཟེར་ཡ་གཅིག་སྟེ
རོལ་སྒེག་གིས་འགྱིང་བའི་མཆོད་པའི་ལྷ་མོ་དག་ཀྱང
བྱིས་པ་ཞིག་གི་ཞོ་གཉེར་བར་ན་འཐུལ་བའི་འོ་རློན་གྱི་བསུང་ཞིམ་དེའོ
ལོ་མའི་ཐོག་གི་ཕྱེ་མ་ལེབ།
ལོ་ན་གསུམ་ལ་མ་ལོན་ཙམ་གྱི་གོང་དུ
རྡོ་དཀར་སྤུངས་སའི་མདེའུ་འབུར་དག་ནི
ཕྱེ་མ་ལེབ་འབབ་ས་རྐྱང་དུ་འདུག་ཅིང
མེ་ཏོག་གི་ཚོགས་ནི་ཕྱེ་མ་ལེབ་ཀྱི་མིག་འོད་ངོ་མར་གྱུར་དུས
སྒེའུ་ཁང་ཁ་ན་འཛར་བའི་ཟླ་འོད་འདི
ངའི་སེམས་སུ་ཟགས་པའི་ཚུལ་ཁོ་ནས་ཀྱང
དེ་དུས་ཀྱི་དབྱར་ལྗོངས་ནི
བེའུ་རྩེད་སའི་སྟེགས་བུ་དང
བྱིའུ་ཕྲུག་འཕུར་སའི་བར་སྣང་འབའ་ཞིག་ཏུ་བསྒྱུར་བྱུང
དེ་ལྟ་མོད དེ་རིང་ང་ཐང་ཆད་ནས
རང་གི་གྲྭ་ཤག་གི་ཁྱམས་སུ་ཙོག་བུར་བསྡད་ཚེ
སིལ་སྡོང་གི་ལོ་མ་དག་རང་སར་ཞོག་ཅིང
དེར་མཐུད་སིལ་སྡོང་རང་ཡང་ང་དང་གྱེས་ཏེ་འབུས་མགོ་ཚུགས་པས
རང་གི་གྲིབ་མ་ཙམ་པོ་ཡང་འབྲོ་ཉེས་འདུག་ན
ང་དོན་མེད་དུ་ཙོག་བུར་བསྡད་པ་འདི་ལ་བསམ་རྒྱུ་ག་རེ་ཡོད
ཇ་ཕོར་འདིའི་ཁ་ན་ཡོམ་པའི་ཚེས་རིས་དང
རི་རྩེ་ལ་འཐིབ་པའི་ན་བུན་གྱི་བར་དུ་འབྲེལ་བ་ཅི་ཡང་མེད་རུང
དེ་རིང་དེ་གཉིས་ཀས་ང་ལ་གདོང་ཀ་གཞུ་གིན
ཅེ་ཆུང་ནས་ཅེ་ཆུང་དུ་བཞུད་པས
ངས་རང་གི་ལག་མཐིལ་ན་ཡོད་པའི་རི་མོ་གྱ་གྱུ་འདི
སུ་ཞིག་གི་རྨི་ལམ་བྲིས་པའི་གྲོག་རོང་དུ་བསམས་མྱོང
ཟིལ་བ་རླུང་གིས་རྡེབ་དུས།
ཞོགས་པ་འདི་ཟིལ་བའི་ཁྲོད་དུ་གཉིད་ནས་འདུག་ཅིང
ཟིལ་བའི་ཁྲོད་ན་བྱིའུ་ཆུང་གིས་ཅག་ཅག་བྱེད་པ་ནི
ཉི་མ་མ་ཤར་གོང་གི་ནམ་ཟླ་བཞུད་སྟངས་ཡིན་པས
དུས་ཚིགས་འདིར
ངའི་འགྲམ་གྱི་ཆུ་ཟོམ་ན་གཡོ་བའི་ཚེ་རིས
མིག་གི་སྒོར་མཚམས་སུ
ཁྱེད་རང་དབྱར་ལྗོངས་སུ་འཕུར་འགྲོ་འམ
ངས་ནན་ཏིག་གིས
ཞིབ་མོར་བརྡར་བའི་ཉི་མ་དེ་ཡང
ཁྱེད་མིན་པའི་ངེས་པ་བྲལ་ཞིང
མཚོ་མོའི་དྭངས་ཚུལ་གྱི་མཛེས་པ་དེའང
རྨི་ལམ་གྱི་མཇུག་མཐའི་ལག་བརྡ་མ་ཡིན་པའི་ངེས་པ་མེད་རྐྱེན
ཞོགས་པ་ལགས སྔ་མོ་རུ་མིག་ཀོང་ལས་འཕུར་རོགས
དེ་ལྟ་མོད ཅག་ཅག་བྱེད་པའི་བྱིའུ་དེ་ཀོ
ཚང་མལ་དུ་ལོག་འདོད་ག་དུས་ཤིག་ལ་སྐྱེས་ཚེ
ང་ཡང་དེ་དང་ལྷན་དུ་ཆ་ཞིང
ཉི་འོད་ཀྱང་དེ་དང་ལྷན་དུ་བཞུར་ངེས་
རྩོམ་ཁུངས། ངེད་དྲ་བ།