དྲན་སླ་བའི་མཚན་མོ་དེར།
༡
མཚན་མོ་འདིར་སུ་ཞིག་གིས་ང་རང་དྲན་སྲིད་དམ།
༢
སེམས་ཀྱི་ཆེས་ཟབ་ས་ན།
མིག་ཆུ་ཐིགས་པ་རེ་རེ།
ཅི་ཡིན་འདི་ཡིན་མི་འདུག་པར།
ཟླ་བའི་གཙང་ཆབ་དང་ལྷན་དུ །
བཞུར་གྱིན་འདུག བཞུར་གྱིན་འདུག
༣
ཚོར་བ་རྣོན་པོ་འདི
མེས་པོས་བཞག་པའི་གློ་གྲི་ཁ་སྟུག་མ་དང་འདྲ་བར།
རི་རབ་དང་གཙང་ཆབ་བཅད་ཟིན།
ཁ་གཏད་དུ་འགྱིང་བའི་རི་མོ་དེའི་སླད་དུ།
ངས་མུ་མཐའ་མེད་པའི་འདོད་པ་ཞིག་སྒོམ་ཡོད་འང་།
༤
ཤུར་ཤུར་ལྡིང་བའི་རླུང་བུར་ཁ་ཕྱོགས་ཤིག་མི་འདུག་པས།
མགོ་སྐྲ་གཡོ་བ་དང་ལྷན་ཏུ་སེམས་པའང་འཁུར་གྱིན་འདུག
ཡུན་རིང་སེམས་ལ་ཉར་བའི་སྤྲིན་དཀར་གྱི་འདབ་མ།
དོ་ནུབ་ངས་ཡང་བསྐྱར་རེ་རེ་བཞིན་འཐུང་ན་འདོད།
ཆང་རག་ཕོར་བ་གང་དང་འདྲ་བར་་་་་་་་་
༥
མཁའ་ངོས་སུ་མ་ཁེངས་ལ།
ས་ཆེན་གྱིས་ཀྱང་གནོན་མ་ཚུགས་པའི་མཚན་མོ་དེར།
ཆགས་སྲེད་ཀྱིས་མྱོས་པའི་ལུས་པོ་གཉིས་གཞི་གཅིག་ཏུ་འདྲེས་ཤིང་།
རྣམ་ཤེས་གཉིས་དམ་དུ་འཁྱུད་པའི་སྐལ་ཅིག་མ་དེར།
དབྱངས་རྟ་ཞིག སྒྱུ་སྩལ་གྱི་དབྱངས་རྟ་ཞིག
ལྷང་ངེ ལྷང་ངེ་།
ད་དུང་འང་བདག་གི་སྙིང་ཁ་ན།
༢༠༡༢ ལོའི་ཟླ ༢ པའི་ཚེས་༢༧ལ།
རྩོམ་ཁུངས། ངེད་དྲ་བ།