སྙན་ངག་ཚོམ་བུ་བཞི།
ཁེར་རྐྱང་དུ།
སེམས་པ་ཞིག་འདི་ན་ཁེར་རྐྱང་དུ།
ཅི་ཡང་བསམ་བཞིན་ཁེར་རྐྱང་དུ།
རྨི་ལམ་རྐོ་བཞིན་ཁེར་རྐྱང་དུ།
སྟོན་ཁའི་སྡོང་ལོ་སེར་པོ་ཞིག་དང་ཀུན་ནས་འདྲ་བར།
ཞབས་ཟུང་གི་རི་མོ་གཡས་ཀྱི་ས་དེར་བཀོད་རྗེས།
མཆུ་སྒྲོས་ཀྱི་ཚོན་རྩི་གཡོན་གྱི་ཆུ་མོས་བཀྲུས་རྗེས།
འཇིག་རྟེན་ཅི་འདྲའི་ཆུང་ཨང་བསམ་བཞིན་ཁེར་རྐྱང་དུ།
གོམ་སྒྲ་ཁེར་རྐྱང་མ་ཞིག་ཁྲིད་ནས་རང་ཉིད་ཀྱི་མལ་ཁང་དུ་ལོག
དེ་ནི་ཧ་ཅང་ཁེར་རྐྱང་ཁེར་རྐྱང་ཞིག་སྟེ།
བར་ཐག་གིས་བཅད་པས་ཁྱོད་ཀྱང་ཁེར་རྐྱང་ངོ་།
ལྷག་མ།
མུ་གེའི་སྟེང་ལ་ཟླ་ལྷག་འདི།
ས་མཐའ་ཡུལ་གྱི་གནོན་ཤུགས་འདི།
ལུས་ཀྱིས་ཐེགས་པར་དཀའ་བའི་ལྗིད་ཤུགས་ཤིག་གོ།
སྐྱོ་བའི་སྟེང་ལ་དྲན་སྣང་འདི།
སྨྲེང་བའི་ཐོག་ཏུ་རྨ་ཁ་འདི།
སེམས་ཀྱིས་བཀྲུ་བར་བཀའ་བའི་ནག་ནོག་ཞིག་གོ།
ཇ་ཕོར་ལས་བཏུས་པ།
ཁམ་གང་འཐུང་བའི་ཚ་བོ་ཞིག་སྟེ།
ཁམ་གསུམ་གཞིབས་པའི་སྐྱུར་མོ་ཞིག་གོ།
དགུན་འཁྱགས་མ་སླེབས་པའི་དུས་སུ།
ཚ་བོར་ཞེ་འདང་མེད་པ་དང་འདྲ་ལ།
ཚ་ཆེན་མ་འཕྱུར་བའི་གོང་དུ།
སྐྱུར་མོར་ཞིམ་སྣང་མེད་པ་དང་འདྲའོ།།
ཇ་ཕོར་ལས་རོ་བྲོ་སྣ་དགུ་རེ་རེ་ལ།
བསམ་གཞིག་གིས་སྡོམ་རྩིས་རེ་རེ་བརྒྱབ་པས་ཆོག་གོ།
འདི་ན་འགྲིག་མེད།
དཀར་བོ་དཀར་མདངས་ཀྱིས་ཆགས་པའམ།
དམར་པོ་ཁྲག་མདངས་ཀྱིས་གཟིམས་པ་དེ།
ཡང་ན། ནག་པོ་དྲགས་མདངས་ཀྱིས་འབྱར་བ་དེ།
དེ་ནི་ཁོ་མོ་དག་གི་རིན་བྲལ་དང་ཞེ་འདང་ངོ་།
ཞེ་དཀར་སེམས་གཙང་གིས་བཀུགས་པའམ།
མགོ་བདེ་དྲན་འཁྲུལ་གྱིས་བསླུས་པ་དེ།
ཡང་ན། དེ་ནི་ཚ་སྤྲིད་ལན་གཅིག་གི་སེམས་གཅོང་སྟེ།
དྲན་ཐོ་ལྗིད་པོ་ཞིག་གི་གསང་གྲངས་བོར་བ་དེའོ།།
དེས་བདེན་པ་ཞིག་གི་རྨང་འཁྱོག་པོར་བཏང་ཡོད།
དེས་དྲོད་འཇམ་ཞིག་གི་ཕུགས་འཁྱགས་པར་བཏང་ཡོད།
དེ་དང་དེ་ལ་སོགས་པས་ཡིད་སེམས་རྨས་ཤིང་།
ཁོ་མོ་ཅག་གི་ནམ་མཁའ་མོག་པོར་བྱས་ཡོད།
09/06/2012 མཚན་མོར།
རྩོམ་ཁུངས། ངེད་དྲ་བ།