ཅོ་ནེ། ཅོ་ནེ། ཅོ་ནེ།
དུས་རབས་ཀྱི་རྡོག་ཁྲེས་དང་སྲོང་བཙན་གྱི་མངའ་ཐང༌།
ད་དུང༌། ཅོ་ནེ་དཔོན་པོའི་མཚར་སྡུག་གི་གཟི་བྱིན་ཁྲོད་ན །
རེ་བའི་ཉི་གཞོན་གྱི་འོད་སྣང་གི་བཀྲག་མདངས་ཀློང་ན །
སྐྱེས་ཆེན་དྲུག་གི་རྣམ་དཔྱོད་དང་གསེར་གྱི་ཐིགས་པ་རེ་རེ །
ང་ཚོའི་མིག་ཟུང་དང་སེམས་ཀྱི་ཕུགས་བསམ་རེ་རེ །
བློ་མིག་གི་བརྩེ་བ་དྲོན་མོ། ལྟེ་ཐག་གི་ཞགས་པ་རིང་མོ།
ཀླུ་ཆུ་དལ་འབབ་རིང་མོའི་བཞུར་རྒྱུན་དང་འགྲོགས་ནས །
སྤྲིན་པ་ཞོ་གསར་ལེབ་མོའི་འཕར་ལྡིང་དང་སྡོང་ནས །
ས་སྒང་གི་མཐོ་ས་འདི་ནས་ཁྱིམ་གཞིས་ཆགས་པ་མ་ཡིན་ནམ །
གྲོ་ནས་སྲན་གསུམ་གྱི་སྤེལ་མའི་གཤིན་ས། རེ་བའི་ཆར་ཆུ །
འགྲོ་བ་རིགས་དྲུག་གི་སེམས་ཀྱི་མེ་ལོང༌། སྲོག་གི་དྭངས་མ །
སྙིང་གི་ཕུགས་བསམ་ཁྱོད་ལ་བཏེགས་ཡོད། ཅོ་ནེ །
རེ་བའི་རྣ་བས་ཁྱོད་ལ་ཉན་ཡོད༌། ཅོ་ནེ །
འོད་ཀྱི་མིག་ཟུང་ཁྱོད་ལ་ཕྱོགས་ཡོད། ཅོ་ནེ །
སྐྱེས་ཆེན་དམ་པས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་རླབས་པའི་ཅོ་ནེའི་དགོན་ཆེན །
གཅེས་པའི་སྲོག་གིས་ཡིད་ཀྱི་དྭངས་མ་འདྲེན་པའི་དཔལ་གྱི་བཀྲ་ཤིས་ཆོས་འཁོར་གླིང༌།
ཆིང་རྒྱལ་རབས་ཀྱི་གོང་མའི་དབུ་བླ་རུ་བཞུགས་མྱོང་བའི་བླ་མ་དཀར་པོ་ཚང༌།
ཆིན་རྒྱལ་རབས་སྐབས་ཀྱི་རབ་འབྱམས་ཤེས་རིག་མཁས་པ་ཅོ་ནེའི་གྲགས་པ་བཤད་སྒྲུབ།
རྒྱལ་དབང་བཅུ་གསུམ་པའི་ཡོངས་འཛིན་ལ་བཞུགས་མྱོང་བའི་ཅོ་ནེའི་བློ་བཟང་རྒྱ་མཚོ།
ལོ་རྒྱུས་རིང་ཞིང་མངའ་ཁོངས་ཆེ་ལ་སྟོབས་ཕྱུག་འབར་བའི་ཅོ་ནེའི་ས་སྐྱོང་རིམ་བྱོན །
དམག་ཟོར་མགོན་པོ་དང་བསྟན་སྲུང་ཚེ་རིང་གི་རྔུལ་ཆུ་ལས་གྲུབ་པའི་ཅོ་ནེའི་བཀའ་བསྟན །
ད་དུང༌། ཚེ་སྨོན་གླིང་གི་ཆོས་སྲིད་དང་ང་རྒྱལ་གྱི་མགོ་བོ་མཐོ་རུ་དགྱེ་བའི་ས་མཚམས་ཀྱི་རྡོ་རིང༌།
གནའ་བོའི་མཚར་སྡུག་གི་གཟི་བྱིན་ཁྲོད་ན །
མ་འོངས་པའི་ཉི་གཞོན་གྱི་སྐྱ་རེངས་གསལ་ལ།
ཤེས་རིག་གི་དཔལ་འབར་དང་གསེར་ཡིག་གི་འོད་སྣང་ལས།
ས་ཆེན་ཨ་མའི་སྙིང་གཏིང་ན་རྒྱུ་བའི་ཡུ་མོ་ཅིག་གི
སེམས་ཀྱི་འཕར་ལྡིང་དང་རེ་བའི་འདུན་པ་ལུས་འདུག
སྔོན་བྱོན་གྱི་གཏམ་རྒྱུད་དང་ལོ་རྒྱུས་ཁྲོད་ན།
དུས་རབས་ཀྱི་འགག་ཕྲེང་དང་བརྡབ་གསིག་ཀློང་ན།
ཁྱོད་ནི་འོད་ཆེན་དང་འོད་ཆུང་འདྲེས་མའི་འོད་གོར་ཟླུམ་པོ་ཞིག
དེ་རིང་གི་སོ་ཁ་དང་རེ་བཞག་དཀྱིལ་ན།
ཁྱོད་ནི་མགྲིན་པ་རུ་ལུས་པའི་གསེར་གྱི་སྒྲོ་གུ་ཅིག་ཡིན་སྲིད་ལ་མི་སྲིད།
གང་ལྟར། ཁྱོད་ནི་དཔོན་རྒྱུད་ཚང་གི་གནའ་བོའི་ཅོ་ནེ་དེ་ཡིན་དགོས་ལ།
དབྱངས་གསལ་སོ་བཞིའི་མཛེས་སྡུག་གི་ང་རོ་རྩེན་པའི་ཅོ་ནེ་བ་ངོ་མ་དེ་ཡིན་དགོས་ཨང༌།
2012-6-11 23:42:46
རྩོམ་ཁུངས། ངེད་དྲ་བ།