སྒེའུ་ཁུང་ཕྱི་རོལ་ཀྱི་གཟུགས་བརྙན།
སྒེའུ་ཁུང་ཕྱི་རོལ་ན་གཡོ་བའི་ཁྱོད་ཀྱི་གཟུགས་བརྙན།
ལྷོད་ཤ་ཆེ་བའི་སྙན་འཛེབས་ཀྱི་རོལ་དབྱངས་འདིར་འཐིམས་ཤིང་།
ཨ་རག་ཆང་ཕོར་གང་བོ་འདི་དང་ལྷན་དུ་ཧུང་གང་གིས་འཐུངས་རྗེས།
རང་སེམས་འདི་རླུང་བུ་ལྟར་གཡོ་བཞིན།
འཇིག་རྟེན་གཞན་པ་ཞིག་གི་སྒོ་ཆེན་ལ་འཚངས།
སྒེའུ་ཁུང་ཕྱི་རོལ་ན་གཡོ་བའི་ཁྱོད་ཀྱི་གཟུགས་བརྙན།
རླུང་བུ་བཞིན་རྒྱང་ལ་འཐེན་དུས།
ངའི་སེམས་པ་འདི་ཡང་།
རླུང་བུ་བཞིན་ལྷབ་ལྷུབ་ཀྱིསགཡོ་ལ།
མཁའ་མཐའི་སྤྲིན་པ་དང་འདྲེས་ནས།
ས་ཆེན་པོ་ནས་ཁྱོད་ཀྱི་རྒྱབ་གཟུགས་འཚོལ་ཞིང་།
ཁྱོད་ཀྱི་རྐང་རྗེས་བསྙེགས།
སྒེའུ་ཁུང་ཕྱི་རོལ་ན་གཡོ་བའི་གཟུགས་བརྙན།
མི་ཚོགས་སྐྱོམས་པའི་མཚོ་རླབས་ཀྱིས་ཁྱུར་མིད་བཏང་ཞིང་།
རང་སེམས་འདི་འཆར་ཡན་ཞིག་གི་བང་རིམ་ནས་ཕྱིར་སྤྱུགས་དུས།
ཁྱོད་ཀྱི་རྙི་ལ་ཤོར་བའི་ངའི་རྣམ་ཤེས་ཕྲ་མོ།
ཁྲག་དམར་འཛར་གྱིན་པའི་སེམས་པ་རྨས་མ་འདིས།
བརྩེ་དུང་གི་དུར་ས་ན་འཕག་འཚག་རྒྱག་གིན་འདུག
རྩོམ་ཁུངས། ངེད་དྲ་བ།