རྣམ་ཤེས།
འཚོ་བ་ཡི་གཉའ་གནོན་འདི་ལྗི་རང་དྲགས་པས།
བརྩེ་དུང་གི་མནར་གཅོད་འདི་ཚ་རང་དྲགས་པས།
སྣ་ཚོགས་མནོ་བསམ་གྱི་འགལ་འདུའི་བར་ན།
ཁོ་རང་ཆེས་བྱབ་ཆུང་གི་ལྕེབས་ལམ་ལ་ཞུགས་སོང་།
ཤི་ཟིན་པ་ཁོ་རང་གི་ལུས་ཕུང་ཙམ།
བྱ་རྒོད་ཚོགས་ཀྱི་གཏོར་མ་ལ་འགྱུར་སོང་།
གསོན་བཞིན་པ་ཁོ་རང་གི་རྣམ་ཤེས་ཕྲ་མོ།
ཡོད་ཚད་སྔར་སོང་བཞིན་གསལ་ཐིང་ཐིང་།
ཆུ་གཞུང་དུ་ལན་འགར་ཞུགས་པའི་རྣམ་ཤེས།
མེ་ཕུང་དུ་ལན་འགར་མཆོངས་པའི་རྣམ་ཤེས།
སྔར་མུས་བཞིན། འཁྱེར་མ་ཐུབ། འཚིགས་མ་ནུས།
སྔར་མུས་བཞིན། གཉའ་གནོན་འོག མནར་གཅོད་ཁྲོད།
དུས་རིམ་ངེས་གཏན་འདས་པའི་རྣམ་ཤེས་ཕྲ་མོ།
སྡུག་བསྔལ་ངེས་གཏན་མྱངས་པའི་རྣམ་ཤེས་ཕྲ་མོ།
ཡོད་ཚད་གསར་པ་ཡིན་པའི་ཁོར་ཡུག་ཞིག་ན།
ཡོད་ཚད་གསར་པ་ཡིན་པའི་ལོ་རྒྱུས་ལ་ཞུགས་སོང་།
སླར་ཡང་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་
རྩོམ་ཁུངས། ངེད་དྲ་བ།