ཕ་ཡུལ་ལ་བྲིས་པའི་སྙན་ངག་གཉིས།
སྐྱག་སྦྲང་འདི་ཚོ།
སྔོ་ལྗང་གི་ཡུལ་ལྗོངས་དང་ཁྲ་ཆིལ་གྱི་མེ་ཏོག
བྱིའུ་ཆུང་གི་གསུང་སྐད་དང་ནོར་ནག་གི་ངུར་སྒྲ།
གཡང་དཀར་ལུག་གི་འབའ་སྒྲ་དང་།
གྱི་ལིང་རྟ་ཡི་འཚེར་སྐད།
ད་དུང་རོལ་མོ་དེ་དག་དང་བསྡེབས་ནས།
ལུག་རྫི་བུ་མོའི་མཛའ་གཞས་ཀྱི་འགྱུར་ཁུག
གང་ལ་བསམ་ཀྱང་དབྱར་ཁ་འདི།
ལོ་རེ་ལྟར་དགའ་སྤྲོའི་རྣམ་པས་ཁེངས།
འོན་ཀྱང་སྐྱག་སྦྲང་འདི་དག་གིས།
སྤྱོད་ཁང་གི་བཙོག་པའི་སྟེང་དུ་བྲོ་འཁྲབ་ནས།
སླར་ཡང་ཇ་ཕོར་གྱི་ཁ་ལ་བབས་ནས་ངལ་གསོ་བ་དེར།
ང་རང་ཤིན་ཏུ་སུན།
སྐྱག་སྦྲང་གི་ཁྱུ་ཚོ་འདིས།
གསང་སྤྱོད་དང་ཐབ་ཚང་གི་བར་ཐག
རྐང་པས་བསུབ་ཀྱིན་དུ།
བཤལ་ནད་སོགས་འགོས་ནད་ཀྱི་ས་བོན་གཏོར་བས།
ད་ཆ་གང་སར།
ནད་ཡམས་ཀྱི་ཁྱབ་རྒྱ་ཤིན་ཏུ་ཆེ།
ད་དུང་ཡང་སྐྱག་སྦྲང་གི་ཁྱུ་ཚོ་འདི།
ཇ་ཁང་དང་ཟ་ཁང་།
ཆང་ཁང་དང་ཨར་ཁང་།
མདོར་ན།
འདུ་འཛོམས་ཀྱི་རྭ་བ་གང་སར་འཛུལ་ནས།
ང་རྒྱལ་དང་ཁེངས་དྲེགས།
ཐུབ་ཚོད་དང་དབང་ཡོད།
སྒྲོ་བཏགས་དང་རྫུན་བཟོ།
ཧམ་ཤེད་དང་བཙན་གནོན་སོགས།
འགོད་ནད་རིགས་གཞན་ཞིག་ཀྱང་འདེབས་ཀྱིན་འདུག་པས།
འཇིག་རྟེན་འདིའི་བར་སྟོང་གང་སར་ལོ་ཏོག་ལྟར་སྐྱེས་ནས་འདུག
དེར་བརྟེན།
གྲང་རླུང་གིས་ཇི་ལྟར་གཙེས་ཀྱང་།
ང་རང་དགུན་ཁའི་དྭངས་གཙང་གི་འཁྱག་པ་ལ་ཤིན་ཏུ་དགའ།
མཛེས་པའི་ཕ་ཡུལ། སྐྱིད་པའི་ཕ་ཡུལ།
རང་བྱུང་རྩྭ་ཐང་གི་མེ་ཏོག་ཁྲོད་དུ།
གཡང་དཀར་ལུག་ཁྱུའི་མུ་ཏིག་གི་ཕྲ་ཚོམ་མཛེས།
ལུག་རྫི་བུ་མོའི་སྙན་དབྱངས་ཀྱི་འགྱུར་ཁུག་ཁྲོད་དུ།
ལྷད་མེད་དྭངས་གཙང་གི་བརྩེ་དུང་རུམ།
མཛེས་པའི་ཕ་ཡུལ། སྐྱིད་པའི་ཕ་ཡུལ།
རྒྱུ་སྤུས་ལེགས་པའི་སྦྲ་གུར་གྱི་དྲོ་སྐྱིད་ཁྱིམ་ལ།
ཕ་མ་རྒད་མོའི་ཡིག་དྲུག་གི་དབྱངས་རྟ་སྙན་ལ།
ཨ་ཕ་རྒད་པོའི་སྙིང་སྟོབས་ཀྱི་མར་ཁུ་འཁྱིལ།
མཛེས་པའི་ཕ་ཡུལ། སྐྱིད་པའི་ཕ་ཡུལ།
ཞོགས་པའི་མཁའ་དབུགས་ལྟར་དྭངས་པའི་ཕ་ཡུལ།
རྡུལ་མེད་གཡང་ཊི་ལྟར་གཙང་བའི་ཕ་ཡུལ།
འདུ་འཛིའི་གྲོང་ཁྱེར་ནས།
ཕ་ཡུལ་ལ་སླེབས་ཐེངས་རེར།
སུམ་རྩེན་གྱི་གནས་མཆོག་ཟེར་བ་འདི་མིན་ནམ་སྙམ།
དག་པའི་ཞིང་ཁམས་ཞེས་པ་འདི་ན་འདུག་ཨང་སྙམ།
མཛེས་པའི་ཕ་ཡུལ་ཨ་སྐྱིད་པའི་ཕ་ཡུལ།
ཕ་ཡུལ་ལ་སླེབས་ཐེངས་རེར།
དྭངས་གཙང་ལྷད་མེད་དང་ཁ་ཞེ་གཉིས་མེད།
བསམ་པ་རྣམ་དག་དང་བློ་དཀར་སེམས་དཀར།
སྔོ་ལྗང་ལོ་ཏོག་གི་འབྲས་བུ་ལྟར།
མདོག་མ་འགྱུར་བྲོ་བ་མ་ཡལ་བར།
རྙེད་རྒྱུ་འདུག
སྐྱིད་པའི་ཕ་ཡུལ། མཛེས་པའི་ཕ་ཡུལ།
མ་བརྒྱབ་ལྷུན་གྱི་གྲུབ་པའི་ས་འཛིན་གྱི་ཕོ་བྲང་།
མ་བཏབ་ངང་གིས་སྐྱེས་པའི་སྨན་རྩ་ཡི་བང་མཛོད།
མ་བོས་ངང་གིས་བསྡུས་པའི་རི་དྭགས་ཀྱི་ཁྱུ་ཚོགས།
བག་ཕེབས་དང་ཞི་མཐུན་གྱིས་འཚོ་བའི།
རང་བྱུང་གི་ཁྱིམ་གཞིས།
མཛེས་པའི་ཕ་ཡུལ་ཨ་སྐྱིད་པའི་ཕ་ཡུལ།
ཁྱེད་ཀྱི་ཕང་བ་ནས།
འབྲོག་པ་རྒད་པོའི་ལྷད་མེད་ཀྱི་འཛུམ་མདངས་མཐོང་།
ཞིང་པ་རྒད་པོའི་བྱམས་སེམས་ཀྱི་ལོ་ལེགས་མཐོང་།
མཛེས་པའི་ཕ་ཡུལ་ཨ་སྐྱིད་པའི་ཕ་ཡུལ།
འབྲུག་དྲུག་གི་མགོ་ལྕོག་ལྡེམ་པའི་ཞིང་མཐའ་ནས།
སེམས་གཏིང་ནས་དྭངས་གཙང་གིས་འཕྱུར་བའི།
མཛའ་གཞས་ཀྱི་དབྱངས་རྟ་ཞིག
རྡུལ་བྲལ་གྱི་མཁའ་དབྱིངས་སུ་འཁྱབ་ནས།
ལུག་རྫི་བུ་མོའི་བརྩེ་དུང་གི་གླུ་ཆུང་དང་གཞི་གཅིག་ཏུ་འདྲེས་ཏེ།
རྩྭ་ཐང་གི་མེ་ཏོག་ཏུ་གྱུར་ནས་ཁྲ་ཆིལ་ལེར་བཞད།
ཕ་ཡུལ་ཨ་མཛེས་པའི་ཕ་ཡུལ།
ཕ་ཡུལ་ཨ་སྐྱིད་པའི་ཕ་ཡུལ།
མཛེས་པ་ཡོད་ཚད་གཞི་གཅིག་ཏུ་སྤུངས་པའི།
རྒྱན་ཆ་ཡོད་ཚད་གནས་གཅིག་ཏུ་བསྡུས་པའི།
བང་མཛོད་དེ་ངའི་ཕ་ཡུལ་ཡིན་པས།
ནམ་ཡང་མི་ནུབ་པའི་སྐར་མ་འོད་ཆེན་གྱི་མགུལ་དུ་བཏགས་ཏེ།
མཐོ་སྒང་དུ་བཞུགས་པར་སྨོན།
ཕ་ཡུལ་ཨ་མཛེས་པའི་ཕ་ཡུལ། ཕ་ཡུལ་ཨ་སྐྱིད་པའི་ཕ་ཡུལ།
རྩོམ་ཁུངས། ངེད་དྲ་བ།