མཚན་ཕྱེད།
མུན་རུབ་མ་ཐག
རྒྱང་རིང་དེ་འོད་སྣང་དུ་སྒོམ་ནའང
མུན་པ་ཤ་དང་རུས་པའི་གསེང་དུ་འཐིམས
འོ་དོད་འཐེན་པས་ཅི་ཕན
མེ་གཏིང་ཤིག་འབྲུ་འདྲ་བོ
ཉི་འོད་ལྟར་འཕྲོ་བར་གྱིས
རང་ལ་གཏོགས་པའི་ཉི་འོད
འཕྲོགས་པར་དོགས་པའི་འཚེར་སྣང
ཚེར་མ་ལྟར་སེམས་སུ་ཟུག
རྨི་ལམ་གྱི་གཞོགས་སུ་འཁྲིགས་པའི་བསམ་ཡན
རླུང་བུའི་རྒྱུ་ཕྱོགས་སུ་འགྲོགས
ལ་རྒྱ་རྩམ་ཁུག་འདྲ་བོ་རླུང་ཁར་ཟད
འདུན་པ་ལྗོན་ཤིང་ལྟ་བུ་བཙག་གིས་བསྡམས
མུན་པའི་གསེང་བསྲིངས་ཡོང་བའི་ལག་པ་མང་བོ
མཚེར་ཤུལ་དུ་ལུས་པའི་ཀེང་རུས་ལྟར
སྐྱ་སང་སིང་དུ་གྱུར
ཟླ་འོད་ཀྱིས་མུན་པའི་ཡོལ་བ་ཕྱེས་དང
སྐར་ཚོགས་ཀྱིས་རྨི་ལམ་ལ་དབུ་འཁྱུད་འཕྲིས་དང
ང་རང་ཁེར་རྐྱང་མིན མཚན་མོ་ལྟ་བུ་མིན
གསོན་སྙིང་འདོད འོད་དང་འདྲ་བར་གསོན་སྙིང་འདོད
གློག་འོད་ལམ་ལམ་འཚེར་བའི་གཞོགས་སུ
རྟ་ཕོའི་འཚེར་སྐད་ཡལ་ཅིང
སྤང་ཐང་གི་ལྷིང་འཇགས་གཏོར
མཚན་ཕྱེད་འདས་རྗེས
རྡོག་སྒྲས་ས་གཞི་འགུལ་ཞིང
ཀི་སྒྲས་བར་སྣང་ཁེངས
སྤྱི་ལོ་༢༠༡༢ལོའི་ཟླ༥པའི་ཚེས་༡༩དགོང་མོ་རང་མགྲོན་ཁང་དུ་སྦྱར།
རྩོམ་ཁུངས། ངེད་དྲ་བ།