སྤར་གོང་ནང་གི་བཟི་གཏམ།
ཉི་འོད་ཀྱིས་བཏུལ་དུ་མེད་པའི
རྡོ་བའི་སྨྲ་བརྗོད་ལ་ལག་ཟུང་སྒྲེང་སྐབས
སེམས་ནས་བཞུར་བའི་ཁུ་ཁྲག་གི་གསང་བ་རེ་རེ
དཀོན་མཆོག་གི་ཐུགས་ཀ་ནས་བོར་བའི
སྙིང་ཉེ་བའི་བརྩེ་བ་བརློན་པ་དེ་ཡིན་ནམ
ཤིང་ལོ་འབུས་པའི་དཔྱིད་ཀྱི་ལྗང་ལོ་བཞིན
ངས་ཀྱང་རང་དབང་གི་མིག་མདུན་དུ
སུ་ལའང་ཡོད་ཡོད་ཆོག་ཆོག་གི
འཁོར་བའི་རྩེད་ཁང་ཞིག་བཞེངས་དགོས་པ
རང་བྱུང་གི་རྡུལ་ཕྲན་རེ་རེ་ཡིས
ཆོས་ཉིད་ཀྱི་སྨྲ་ལྕེ་རེ་རེ་སྤྲད་ཡོད
བརྩེ་བའི་རྨི་ལམ་གྱི་སྣེ་མོར་འཇུས་ནས
བགྲང་བྱ་ག་ཚོད་ཀྱི་འདས་དོན་མཆོད་པར་བཤམས་ཡོད
འདི་ནི་ལག་འཇུ་བྱེད་ཚུལ་གྱི་བརྩེ་བ་གཞན་ཞིག་མ་ཡིན་ལ
ཕུ་ནུའི་ཤ་ཞེན་གྱི་ཟློས་གར་གསར་བ་དེའང་ཡེ་ནས་མིན
ཡིན་རྒྱུ་ནི མདུན་ཅོག་འབྲུག་རིས་མའི་སྟེང་ནས
སྒེར་གཅོད་ཀྱི་ཕུགས་བསམ་ལ་མགོ་བོ་སྙེས་དགོས་དོན་མེད
སྒེའུ་ཡོལ་སྔོ་ཁྲ་དེའི་མདུན་ནས
ཕྱིར་དྲིན་མོད་པའི་སེམས་གསོ་སྙིང་ལ་གླན་དགོས་ཨང
ཨ་མའི་ནུ་ཞོ་དྲོད་མོ
ཆུ་ཤེལ་གཟུགས་ཀྱི་བརྩེ་བ
ཨ་ཕའི་གཅེས་སྐྱོང་མཚར་བོ
རྡོ་རྗེ་བྲག་གི་རི་མོ
འདི་ནི་རང་སེམས་ཁོ་ནར་དབང་བའི
སྐྱེ་བ་འདིའི་བུ་ལོན་མོད་པོ་ཞིག་ཡིན་པ
གླེན་སྐུགས་ངས་ཀྱང་གསལ་གསལ་དུ་རྟོགས་ངེས
དེ་རིང་ཁ་ཕྱོགས་མེད་པའི་དྲག་རླུང་ཐོལ་གྱིས་ལྡང་ན
གནམ་སྔོན་པོ་ཡིན་ཡང
བདག་གིས་ཐལ་སྐྱ་སྤར་མོ་གང་གིས
ཨུ་ཚུགས་ཀྱིས་འགོག་རྒོལ་བྱ་ངེས
མིའི་ལྷན་སྐྱེས་ཀྱི་རང་གཤིས་ལ
མིའི་ལྷན་སྐྱེས་ཀྱི་ཆོས་ཉིད་ཡོད་ལ
མིའི་ལྷན་སྐྱེས་ཀྱི་བརྩེ་བ་ལ
མིའི་ལྷན་སྐྱེས་ཀྱི་རང་དབང་ཡོད་པས
བདག་གིས་བཞུད་ཟིན་པའི་རྨ་ཁ་རེ་རེ་ལ
རང་སེམས་མཚོན་པའི་སྐྱེལ་མ་རེ་གནང་ན་བསམ
གྲུ་བཞི་ནར་གཟུགས་སུ་གྲུབ་པའི་ཚོ་བའི་རྨི་ལམ་འདི
འོད་ཀྱི་གདུ་བུ་བཞིན་ཁྱོད་ཀྱི་མངའ་ཐང་ལ་འཛུལ་དུས
འགྲིག་འགྲིག་ཏུ་སྣང་བའི་གསེར་གྱི་ལྷན་པ་རེ་རེ
གཙང་བའི་ཕ་རོལ་དུ་མངོན་པའི
ལང་ཚོའི་མཆོད་པ་རུ་འགྱུར་ངེས
ཅི་ཡང་བསམ་མོད
གང་ནས་གང་དུ་སྤོ་དགོས་པའི་གོམ་སྒྲ
རོལ་དབྱངས་ཀྱི་འདར་སྐུད་བར
རང་ཉིད་ཀྱི་མཛུབ་རྩེ་ནས
ངོ་ལོག་མིན་པའི་ངོ་ལོག་གི་ལམ་ཁ་ཞིག་འདེམས་འདོད
ཉི་མ་ལུང་ནས་བྲིས་བཞག
རྩོམ་ཁུངས། ངེད་དྲ་བ།