ཁྱུང་ཐར་རྒྱལ་གྱི་སྙན་ངག་གསར་བ། རང་ཉིད་བོར་བ།
ཁ་སང་ང་རང་ཚོགས་འདུ་ཆུང་ཆུང་ཞིག་ལ་ཞུགས་ཡང་།
ཚོགས་འདུའི་དགོངས་དོན་ལ་གོ་བ་དེ་འདྲ་ཆེན་པོ་ལེན་མ་ཐུབ།
ཡིན་ནའང་། ཚོགས་འདུ་གྲོལ་རྗེས།
བུ་མོས་ང་རང་འཚོལ་གྱིན་འདུག་ཟེར།
“ངའི་ཨ་ཕ་གང་ལ་བུད་སོང་།
ང་ལ་རང་གི་ཨ་ཕ་ཕྱིར་སྤྲོད་དགོས།”
བུ་མོས་དེ་ལྟར་སྲིད་གཞུང་གི་སྒོ་རུ་ཁྲོམ་སྐོར་དང་།
ཁ་གཡང་སྒྲོག་གིན་འདུག་ཟེར་ལ།
གཉེན་ཉེ་ཚོས་ཀྱང་དམིགས་ཡུལ་མེད་པའི་ངང་འུར་ཟིང་སློང་བ་དང་།
ལམ་འགྲོ་བ་ཚོས་ཀྱང་“མཚར་པོ། མཚར་པོ།”ཞེས་གླེང་གི་ཡོད་སྐད།
ཚོགས་འདུ་དེའི་སྟེང་ནས་ངས་དངོས་གནས་རང་ཉིད་བོར་བ་ཡིན་ནམ།
བུ་མོའི་སྐད་ཆས་བཤད་ན།
“ངའི་ཨ་ཕར་བོར་བརླགས་ཐེབས་སོང་།
ཁོང་གི་ཀུན་སྤྱོད་བོར་ཟིན། སྐད་ཆ་བོར་ཟིན།
ཐ་ན་ཁོང་གི་མི་གཤིས་ཀྱང་བོར་ཟིན་པས།
སྲིད་གཞུང་གིས་ང་ལ་ཨ་ཕ་ཕྱིར་སྤྲོད་དགོས།”
“སྐྱུར་ཞོག མ་གཞི་ཁོ་རང་ཉིད་ལའང་རང་ཚུགས་མེད་པས་རེད།”
སྐབས་དེར་ཆུང་མས་དེ་ལྟར་སྨྲས་སྐད།
ཚོགས་འདུ་དེ་དངོས་གནས་དེ་འདྲའི་གལ་ཆེན་ཞིག་ཡིན་ནམ།
ཚོགས་འདུ་དེ་ལ་རང་ཉིད་ཀྱང་འབོར་དགོས་པ་དེ་འདྲའི་ནང་དོན་ལྡན་ནམ།
ངས་དབང་མེད་དུ་རང་ཉིད་ལ་དེ་འདྲའི་དྲི་བ་ཞིག་བཏོན།
༢༠༡༢ ༥ ༡༡
རྩོམ་ཁུངས། ངེད་དྲ་བ།