མེ་རོ་གསོ་མཁན།
ས་ཡུན་ཐུང་ཐུང་ཞིག་གི་ནང ཁོ་བོས་མགོ་བོ་སྒུར་སྒུར་གྱིས
རྒྱང་རིང་གི་སྤྲིན་པ་ལེབ་མོ་དེར་ཞོན་ནས་ཡུལ་ཕྱོགས་ག་ཙམ་ཞིག་ལ་ཆས་ནའང་
མིག་གི་བལྟ་ས་ནི་དབྱར་གཞུང་གི་ཉི་མ་དང་ཁྱིམ་ནང་གི་ཅ་ལག་རེད།
ཉིན་འདི་ཚོར་
ཆར་ཞོད་ཀྱི་འབབ་རྒྱུན་རིང་བས་མགོ་བོ་དགུང་ལ་བཏེགས་ཀྱང་
ཉི་ཟེར་གྱི་དྲོད་མདངས་སྔ་མོ་ནས་ཡལ་ཟིན་པས
ཇི་ལྟར་བལྟས་ཀྱང་མཐོང་རྒྱུ་མེད་པ་དེ་ནི་ཉི་མ་གཅིག་པུ་རེད།
ཐང་ཡངས་བའི་ས་གཞི་འདིའི་བྲང་ཁོག་ན
རླུང་འཚུབ་ཞིག་གཡུག་ཞོར་དུ་
མིག་ཟུང་གི་དྲན་ཤེས་རྒྱང་དུ་བགྱེད་ཟིན།
འདས་ཟིན་གྱི་ལོ་ཟླ་ནི་ཕྱིར་དྲན་གྱི་མེ་ལོང་ནང་བཞིན
ལག་ཟུང་གཉིས་ཀ་དམ་པོར་བསྡམས་རྗེས་སུ
ཤི་མ་གསོན་གྱི་དུ་བ་རབ་རིབ་ཞིག
ད་དུང་ཡང་མཁའ་དབུགས་ནང་འཚང་ཁ་ཤིག་ཤིག་རྒྱག་བཞིན
རིམ་གྱིས་ཞི་འཇགས་སུ་སོང་རྗེས
ལྷ་མོ་འདྲ་བའི་དུ་བ་དེ་དག་ཕྱིར་ཡོང་རྒྱུ་མི་འདུག
རྩོམ་ཁུངས། ངེད་དྲ་བ།