རྨེ་ཆུ་བའི་སྙན་ཐུང་འགའ།
ས་སྲོད་དུ་འཛུལ་བ།
ཚོད་ཚོད་ལ་འདུ་ལོང་རྒྱུ་བའི་སེམས་ཁམས་དེ
རེ་ཞིག་ས་སྲོད་ཀྱི་ཚག་སྒྲས་བསྒྲོན་པས
ས་སྲོད་ནི་མི་ཞིག་གི་སེམས་ལྗོངས་དང་འདྲ་བོ་རེད་འདུག
ཡིད་ཀྱི་སྒོ་དང་བརྩིགས་པའང་བརྟོལ་ཟིན
ད་ནི་གྲིབ་གཟུགས་ཁོ་ནས ང་ལ་ཀུ་རེ་སློང་གིན་ཡོད
༢༠༡༢.༡.༡ཉིན། རང་ཡུལ་མྱི་རྩ་རུ་བ་ནས།
ཀུ་རེ་སློང་བྱེད་ཀྱི་འཁྲབ་ཚན།
ད་ལྟ མི་ཚང་མས་ལ་མོ་བརྒྱབ་ཟིན
རྐང་རྗེས་སུ་སྨིན་པའི་སྨུག་སྤྲིན་དེའང
མིག་འབྲས་རྒྱུན་བྱེད་ཀྱི་རྨུ་ཐག་ཙམ་ཡིན
ཁོ་བོ་གཞི་ནས མལ་སྟན་དུ་ཙོག་དགོས
ཨ་ཐང་འདི ཁྱོད་ཀྱི་ཨམ་ཅོག་སྐྱོར་བྱེད་དེ
ལག་པ་ཆ་གཅིག་ཏུ་གྱུར་ཟིན་ན
གོང་འཛུབ་གཉིས་ཀྱང
ཀུ་རེ་སློང་བྱེད་ཀྱི་ཟློས་གར་འཁྲབ་ཚན་གཉིས་ཡིན
2012.7.30 དགོང་མོ། རང་ཡུལ་མྱི་རྩ་རུ་བ་ནས།
ཁྱོད།
ཁྱོད་ཅི་ལྟར་ཡིན་པ
མཚར་སྣང་གི་མེ་ཏོག་གཅོག་བྱེད་དེ་མིན
དབྱངས་འགྱུར་གྱི་དྲི་ངད་ཅིག་ཡིན་པར་གྱིས
འགྲེལ་དཀའ་བ་དང་འགྲེལ་སླ་བ་ཞིག་སྟེ
གང་ལྟར སྒྱུ་རྩལ་བརྩམས་ཆོས་ཤིག་ཏུ་གྲུབ་ཟིན་པས
དུས་ད་ལྟ རང་ཉིད་ཀྱང་ཁྱོད་ཀྱི་རྒྱ་མཚོ་དེའི
ཉ་བ་རྒན་པ་ཞིག་གོ སྙིང་ཉེ སྙིང་ཉེ
2012.7.30 དགོང་མོ། རང་ཡུལ་མྱི་རྩ་རུ་བ་ནས།
སྙན་ངག
རང་ཉིད་གཏུབ་བྱེད་ཀྱི་རལ་གྲི་འདིས
བྱང་ཁོག་གི་མཚན་མོ་རོལ་དབྱངས་ལ་བརྒྱུས་ཟིན
གོམ་བགྲོད་ཀྱིས་སླེབས་ཟིན་པ
སླར་ཡང་སྤོས་ཟིན་པའི་ཐེམ་པ་ཞིག་སྟེ
ཐེམ་པ་འདི་ཡང་རྣོ་སྦྲེང་ཞིག་ཡིན་སྲིད
ཐུགས་བསམ་གཞེས་དང མཛེས་སྡུག་ཁོ་ན
རྒྱལ་ཁམས་འདིའི་སེང་རས་ལགས་པས
རྭ་ཅོ་དང་བཞད་གད་དེས
དུས་ཚོད་ཀྱི་དཀར་ནག་སྒྲོལ་ངེས་ཀྱང
ཁྱོད་ཀྱི་དུས་རབས་འདིས་ང་ཡི་སྙན་ངག་བརླག་མི་སྲིད
2012.8.1ཕྱི་དྲོ།
རྩོམ་ཁུངས། ངེད་དྲ་བ།