ཨ་མ་ལགས། ཁོ་བོ་འགྱུར་འདུག
ལྷོག་ལྷོག་ཏུ་གདུ་བཞིན་པ་ནི་ངའི་ས་ཆེན་གྱི་སྙིང་དྲོན་པོ།
ཤུར་ཤུར་དུ་འདར་བཞིན་པ་ནི་ངའི་རླུང་ཁམས་ཀྱི་ཚེ་སྲོག་ཕྲ་མོ།
ལུང་ཤུར་དང་སྤང་ལྗོངས་སུ་ཆུ་ལོག་བཞུར་ལ།
ནགས་གསེབ་དང་ཤུག་གསེབ་ཏུ་ཤིང་བཟོ་རྒྱུ།
ཆུ་བོ་བཞུར་ཟིན། ཤིང་བཟོ་སོང་ཚར།
ཐར་ཐོར་གྱི་ལྕང་མ་གླང་མ།
ཉབ་སྙིགས་ཀྱི་རྩྭ་ལྡུམ་རྩད་པ།
མྱ་ངན་དང་བཀྲེས་ལྟོགས་ཀྱིས་མནར་བའི་ནོར་ལུག་འགའ།
ཚེར་ཤུལ་ན་རུས་ཏོ་རྩོད་པའི་ཁྱི་ལྡོམ་དང་ཕག་པ་འགའ།
ཁ་བའི་འདབ་མ་སྐྱི་བསེར་རླུང་བུས་བཙན་གྱིས་བྱང་ཕྱོགས་སུ་ཁྲིད་པའི་ལོ་ཟླ་དང་འགྲོགས་ནས།
ས་ཆེན་ལ་སྐྱི་གཡའ་བ་དང་སྐྱ་ཐེ་ལེ་ཡི་སྐྱོ་མདངས་ངམ་རྒས་ཉམས་ཤིག་མངོན་འདུག
ལྷོག་ལྷོག་ཏུ་ལྡུ་བཞིན་པ་ནི་ངའི་ས་ཆེན་གྱི་སྙིང་དྲོན་པོ།
ཤུར་ཤུར་དུ་འདར་བཞིན་པ་ནི་ངའི་རླུང་ཁམས་ཀྱི་ཚེ་སྲོག་ཕྲ་མོ།
གངས་རི་དང་རྫ་རའི་རྩེར་སྐར་མདའ་ལྷུང་ལ།
ནགས་རི་དང་སྤང་རིའི་གསེབ་གསེར་བརྐོས་ཁེངས།
སྐར་མདའ་ལྷུང་ཟིན་ལ། གསེར་བརྐོས་བརླགས་ཚར།
བརྗིད་མེད་ཀྱི་གངས་དཀར་ལྷུན་པོ།
ཧྲལ་ཧྲུལ་གྱི་ནགས་རི་སྤང་རི།
ཨ་ཞང་ལོ་ལོ་དང་ཨ་མ་ལོ་ལོ་་དབྱངས་སུ་མགུ་བའི་རྫི་བོ་འགའ།
གཡུ་རལ་གྱི་ཁ་གྲངས་ཇེ་ཉུང་དུ་འགྲོ་བཞིན་པའི་གངས་སེང་འགའ།
ཐན་བྱའི་ཐན་སྐད་སེར་བུས་འཁུར་ནས་ལྷོ་ཕྱོགས་སུ་ཡོང་བའི་ལོ་ཟླ་དང་བསྟུན་ནས།
ས་ཆེན་པོར་མིག་ཆུ་དང་ངུ་ངག་གི་ཨག་སྒྲ་ཞིག་ཤོར་གྱིན་འདུག།
རྩོམ་ཁུངས། ངེད་དྲ་བ།