གྱེན་འཕུར་གནམ་གྲུ་དང་གྲོག་མའི་ཚོགས།
འོ་མ་བཞོས་ཚར་བའི་བཞོན་མ་ཞིག
རྩྭ་ཐང་འདིའི་ཕ་མཐར་ལུས་པའི་བེམ་རོ་བཞིན།
ད་ལྟ་ཁྱོད་ཀྱི་རྣ་ལམ་དུ་གྲགས་འོངས་པ་ནི།
རྒྱང་རིང་ནས་ཐོན་པའི་ཤ་སྦྲང་གི་ཁྱུ་སྟེ། གྱེན་འཕུར་གནམ་གྲུ་བཞིན།
ད་ལྟ་ཁྱོད་ཀྱི་རྭ་བར་བརྒལ་ཏེ་སྒལ་བར་འཐིམ་ཞིང་། འགའ་ཞིག
ཁྱོད་ཀྱི་མགོ་བོར་ལྡིང་སྐོར་རྒྱག་ཅིང་། རྣམ་ཤེས་དཀྲོག་གིན་གདའ།
ཁྱོད་ཀྱིས་རྔ་མ་གཡུག་ཙམ་གཡུག་ཙམ་བྱེད་པའང་།
ཤེས་རྒྱ་མེད་པའི་བུད་མེད་ལྟ་སྤྱོད་ཅན་དེའི་ངང་ཚུལ་དང་ཅི་འདྲའི་མཚུངས་ཨང་།
ཁྱོད་ཀྱི་གཡས་གཡོན་ན་ནག་ཤིག་ཤིག་གིས་བཞུར་ཐོན་པའི་གྲོག་མའི་ཚོགས་ཀྱིས་ཀྱང་།
ཁྱོད་ཀྱི་མིག་དང་རྣ་བ།ཁ་དང་སྣ་སོགས་བརྒྱུད་དེ་དོན་ལྔ་སྣོད་དྲུག་ཕྱི་རུ་འདོན་བཞིན་གདའ།
སྐར་ཆ་གཅིག་འགོར་རྗེས་ཀྱི་རྩྭ་ཐང་དུ་ལུས་པའི་གངས་རི་ནི་ཁྱོད་ཀྱི་རུས་རྐང་གི་སྒྲོམ་གཞི་རེད།
དབྱར་གཞུང་འདིའི་དྲགས་ཆར་ཐོན་བྱུང་ན་ཇི་འདྲའི་སྐྱིད་ཨང་།
དེའང་རྟོག་གེ་བ་ཞིག་གི་ཆིག་ལབ་རེད།
༢༠༡༢ ༧ ༡༨
རྩོམ་ཁུངས། ངེད་དྲ་བ།