ཨ་མ་འདི་ལྟར་རྒས་སོང་།
ལྕི་བ་སྒྲུག་གིན་སྐྱ་རེངས་ལ་ལག་བརྡ་བཏང
འབྲི་མོ་འཇོ་བཞིན་མུན་ནག་དང་འགྲོགས
ཉིན་གང་བོར་རྔུལ་ཆུ་བྱིལ་བཞིན
ལྷས་ར་གྲུ་བཞི་ན་ལུས་ཡོད
ཨ་མ ཨ་མ་འདི་ལྟར་རྒས་སོང
རི་རབ་ཀྱི་རྩེ་ནས་མིག་གིས་བུ་ཕྲུག་འཚོས
ལུང་གསུམ་གྱི་མདོ་ནས་སེམས་ནས་བུ་ཕྲུག་གཉོར
རྨི་ལམ་དཀྲོགས་མཁན་གྱི་བྱིས་པ་འདི་དག
རང་གི་སེམས་དམར་བོ་དེ་དང་འདྲ་བར
དུས་ཚོད་ཉེར་བཞིར་བསྐྱོར་ཅིང
དབུགས་ཀྱི་འབྱིན་རྔུབ་རེ་རེར་ཐིམ
ཨ་མ ཨ་མ་འདི་ལྟར་རྒས་སོང
སྒེའུ་ཁུང་ལས་མཐོང་བའི་ཟླ་བ
སེམས་ཀྱི་མེ་ལོང་དང་འདྲ་བར
ཨ་མའི་རྔུལ་ཆུས་བརླན་ཡོང
རི་མགོར་འགོས་པའི་ལུ་གུའི་ཁ་དོག
ཨ་མའི་སྐྲ་ལོ་དང་འདྲ་བར
དུས་བཞིས་དེད་ཅིང
ས་སྒྱེད་འགྲམ་དུ་གཅིག་པུར་ལུས
ཨ་མ ཨ་མ་འདི་ལྟར་རྒས་སོང
སྤྱི་ལོ་༢༠༡༢ལོའི་ཟླ༧ པའི་ཚེས༡༠དགོང་མོ་རང་མགྲོན་ཁང་དུ་སྦྱར།
རྩོམ་ཁུངས། ངེད་དྲ་བ།