སྤྱང་མོ།
རི་ནས་ཚེར་མ་མ་སྐྱེས་པའི་གོང་རོལ་དུ
སྤྱང་མོ་རི་ནས་ཟུག་པའི་འཇིགས་སྣང་གིས
ཤྭ་གཡུ་མོའི་རྨིག་སྒྲ་རླུང་གིས་མི་ཚོར
འབྲོང་དེར་མའི་ངུར་སྒྲ་ཆར་བས་མི་ཁོགས
སྤྱང་མོ་ཡོད་པས རྩྭ་ཐང་གི་བདག་མོ་ཡོད་པས
སྤྱང་མོས མུན་པ་གོས་སུ་གྱོན་ནས་རླུང་བུ་འགེམས་མྱོང
སྤྱང་མོས མེ་མདར་མིག་གིས་འཚོས་ནས་ལུག་ཁྱུ་ཕྲོགས་མྱོང
སྤྱང་མོས སྟག་མོའི་རྨི་ལམ་རྐུས་ཏེ་དགྲ་ཤ་བརྩད་མྱོང
རི་ལ་ཚེར་མ་སྐྱེས་སྟེ ཚེར་མའི་མཚོ་མོ་འཕྱུར་དུས
སྤྱང་མོའི་མལ་ཚང་ཐོག་གིས་གཏོར་སོང
སྤྱང་ཕྲུག་ལས་དབང་ཚེར་མའི་མཚོ་ལ་འཐིམ་སོང
མཚོ་མོ་འུར་སྒྲ་ཆེ་བའི་དབང་གིས
སྤྱང་མོ་ཟུག་སྐད་མ་ཐོས སྤྱང་ཕྲུག་ངུ་སྐད་མ་ཐོས
༢༠༡༡ལོའི་ཟླ༡༡པའི་ཚེས༡༩ཉིན་དབུས་སུ་བྲིས།
རྩོམ་ཁུངས། ངེད་དྲ་བ།