མཚན་མོ་འདི་དག
མཚན་མོ་འདི་དག
ཁྱེད་ཁོ་ན་དྲན་པའི་མཚན་མོ་འདི་དག
གང་ཞིག་ནས་འགོ་ཚུགས་པ་མི་ཤེས་ལ།
གང་ཞིག་ཏུ་མཇུག་བསྡུ་བའང་མི་ཤེས་མོད།
ཁེར་རྐྱང་གི་གདུང་བ་བརྗོད་པའི་སྙན་ངག་ཁོ་ན།
རྦབ་ཆུའི་རྒྱུན་བཞིན་སྐྱོ་བའི་ཞིང་སར་འབབ་བྱུང་།
མཚན་མོ་འདི་དག
ཁྱེད་ཁོ་ན་བསམ་པའི་མཚན་མོ་འདི་དག
ཁོ་བོའི་ནོར་འཁྲུལ་གྱིས་རྩ་བ་བསྐྱངས་ཤིང་།
བསམ་པའི་གནོང་འགྱོད་ཀྱིས་ཁོ་ལག་རྒྱས་པས།
སྐྱོ་བོའི་རོལ་དབྱངས་ཀྱི་ཁྲོད་ན་ཡང་ཡང་འཁྱགས་ལ།
དུ་བའི་ཨུ་ཚུགས་ཀྱི་ཁྲོད་ན་ཡང་ཡང་འདར་བྱུང་།
མཚན་མོ་འདི་དག
ཁྱེད་ཁོ་ན་གླེང་བའི་མཚན་མོ་འདི་དག
འགྱོད་པའི་མཆི་ཐིགས་རེ་རེ་དང་འགྲོགས་ནས།
རྗེས་མའི་མཛེས་སྡུག་གི་དྲན་གསོ་ཞིག་གམ།
འདས་པའི་ལོ་རྒྱུས་ཀྱི་རྨ་ཁ་ཞིག་ལ།
རིངས་པ་ནས་རིངས་པར་འགྲོ་གིན་འདུག
ཟབ་ས་ནས་ཟབ་སར་འགྲོ་གིན་འདུག
ཁོ་བོའི་ནོར་འཁྲུལ་ཞིག་གིས་རང་གི་དགའ་མ་དང་བྲལ་བར་འགྱོད་པས་བྲིས།
རྩོམ་ཁུངས། ངེད་དྲ་བ།