ཨ་ཕའི་སྔུར་སྒྲ།
མུན་ནག་ཡོལ་བས་ས་གཞི་རིམ་གྱིས་གཡོགས་དུས།
ཉིན་གཅིག་གི་ལས་འགན་གྲུབ་པའི་ཨ་ཕ་རྒན་པོ།
སྣ་ཐ་སེན་མོ་གང་གི་བསུ་མ་དང་།
ཇ་ཐང་ཕོར་པ་གང་གི་ཕེབས་སྐྱེལ་འོག
འཇིག་རྟེན་སྐྱིད་པའི་གཉིད་ཀྱི་ངལ་གསོར་ཞུགས།
ཉིན་གཅིག་གི་ལས་འགན་ལྕི་བའི་རྐྱེན་པས།
མཚན་གཅིག་གི་སེམས་ནད་དྲགས་པའི་རྐྱེན་པས།
གཉིད་ལ་ཞུགས་པའི་ཨ་ཕ་རྒན་པོས།
ཁང་པ་འགུལ་བའི་སྔུར་པ་འཐེན་བྱུང་།
འབྲུག་སྐད་སྐྱེངས་པའི་སྔུར་པ་གྲགས་བྱུང་།
སྔུར་སྒྲ་ཆེ་རང་དྲགས་པས།
ཨ་མ་རྒན་མོའི་གཉིད་ཀྱང་འདྲོགས།
སྔུར་སྒྲ་ཆེ་རང་དྲགས་པས།
བུ་ཕྲུག་ང་ཚོའི་སེམས་ཀྱང་འཁྲུགས།
ཡིན་ནའང་། ཆེ་རང་དྲགས་པའི་སྔུར་སྒྲ།
ཨ་ཕས་ཁྱིམ་གྱི་ཀ་བ་གཏེགས་པའི་དན་རྟགས་ཡིན་ལ།
ཆེ་རང་དྲགས་པའི་སྔུར་སྒྲ།
ཨ་ཕས་ཁྱིམ་གྱི་དྲོད་ཁོལ་སྲུང་བའི་དན་རྟགས་ཡིན།
དེས་ན། ཨ་ཕའི་སྔུར་སྒྲ།
ནམ་ཡང་འབུལ་ཕོངས་ཀྱི་རྡོ་ཁང་གྲུ་བཞིའི་ནང་ན།
བུ་ཕྲུག་ལ་བདེ་སྐྱིད་བསྐྲུན་པའི་ཆེས་སྙན་འཇེབས་ཀྱི་རོལ་དབྱངས་དེ་ཡིན་ཨང་།
རྩོམ་ཁུངས། ངེད་དྲ་བ།