ཟླ་བཅུ་བའི་ཡོ་རོབ།
——ལོ་འདིའི་ནོ་པེར་གཟེངས་རྟགས་ཀྱི་མཛད་སྒོ་ལ།
མེ་ཏོག་མང་པོ་སྐྱེ་སྲིད་པའི་ཕུགས་བསམ་གྱི་བྱེ་ཐང་འདི
ཉི་ནུབ་རྗེས་ཀྱི་མི་ཚོའི་སྔུར་བ་ལ་བསྒུག་སྟེ་ཡུན་རིང་འགོར
ཡིད་སེམས་གཏན་ནས་མགུ་ཐབས་མེད་པའི་དུས་སུ
རོལ་དབྱངས་ཀྱི་བྲོ་ཁ་ཡང་བོར་སོང་བའི་ཡོ་རོབ་པ
ང་ཡི་སྐྲ་ལོའི་ཕྱི་ནང་དུ་ཞབས་བྲོ་འཁྲབ་མཁན་དེ་རེད་འདུག
རྒྱ་མཚོའི་ཁ་གཏད་དུ་བདེ་སྐྱིད་འཚོལ་མཁན་གྱི་མི་དེ་དག་གིས
རང་གི་གཟུགས་པོའི་རིང་ཚད་དང་མཚོ་ཡི་གཏིང་ཚད་གཤིབ
བྱམས་བརྩེ་ཡི་ངར་ཁ་བླུད་པའི་རལ་གྲི་དེས
ཁོ་ཚོ་ཁག་གཉིས་སུ་གཏུབ་པ་ན
ད་གཟོད་སྔོན་ཆད་མཐོང་མ་མྱོང་བའི་མི་ཞིག་མངོན་བྱུང
མི་ཁ་ཤས་ད་དུང་རྙེད་མེད་དེ
སྨུག་པའི་ནང་དུ་འཚོལ་མ་འདོད་པའི་མི་དེ་དག
མིག་འབྲས་ཆུང་ཆུང་འདིའི་ནང་དུ་འཇིག་རྟེན་ཆེན་པོ་ཞིག་ཤོང་བས
ཟླ་བཅུ་བ་འདིར་ཅི་ཡང་ཤོང་སྲིད
མིག་ཆུ་བཞུར་སྣོད་ཀྱི་གཞོང་བ་དང
འཛུམ་མདངས་དཔར་སའི་མེ་ལོང
སྡུག་སྨྲེ་གདོན་སའི་ནམ་མཁའ་ཡང་ཤོང་སྲིད
༡༠/༡༠
རྩོམ་ཁུངས། ངེད་དྲ་བ།