རྒྱབ་གཟུགས་དང་མིག་ཆུ།
____གླུ་གཞས་༼གནམ་བསྐོས་གཉེན་སྒྲིག༽ཅེས་པར་ཉན་རྗེས།
འགྱུར་འདི་དང་ཁུགས་འདི།
གང་ཞིག་ནས་གོ་མྱོང་བ་འདྲ།
གདངས་ཀྱི་ཁུགས་པ་སྟོང་ཕྲག་མིག་ཆུ་རུ་བསྐྱིལ།
ཡིད་ཀྱི་རྒྱབ་གཟུགས་ཕྲ་མོ་ངག་སྒོ་ནས་ལུད་དུས།
ངས་གླུ་གཞས་འདིའི་གསེང་ཁོང་ནས་ཁྱེད་ཀྱི་འཛུམ་མདངས་རྙེད་བྱུང་།
ངས་འགྱུར་ཁུགས་འདིའི་གཏིང་རུམ་ནས་ཁྱེད་ཀྱི་མིག་ཆུ་ཚོར་བྱུང་།
ཁ་པར་ལ་ལག་པས་ཕུར་གྱིན།
འདྲ་པར་ལ་མིག་གིས་གཅེར་ཏེ།
འཛུམ་མདངས་ཤིག་སྟོན་ཁུལ་བྱས་ཀྱང་།
འཛུམ་ཀོང་གི་གཏིང་རུམ་དུ་སིམ་ཡོད་པའི་སྐྱོ་བ་འདི།
ཚེམས་ཕྲེང་གི་བར་གསེང་དུ་སྦས་ཡོད་པའི་གདུང་བ་འདི།
འདི་དང་འདི་དག་གང་དུ་བྱོ་དགོས།
གྱེས་བྲལ་གྱི་མཆི་མ་ཟུངས་ཁྲག་ཏུ་འཕྱོ།
རེ་སྒུག་གི་ན་ཟུག་རྣག་ཐུམ་དུ་སྦྲུམ།
གོམ་ཟུང་གི་གར་སྟབས་འཁྱོར་ལ་ཁད།
མཛུབ་བར་གྱི་སྙུ་གུ་འཆོར་ལ་ཁད།
འོན་ཏེ། བདེ་སྡུག་གི་ཉིན་སྲིབ་རེས་སུ་འཁོར།
རྒྱལ་ཕམ་གྱི་དབྱངས་རྟ་ཁད་ཀྱིས་དཀྲོལ་དུས།
བྱ་སྐད་རྩུབ་མོས་ཐོང་རྩ་ནས་འཇུས་ཏེ།
ཉི་འོད་གཟན་པོས་ཉལ་གོས་ཀྱང་བཤུ་དུས།
རྨི་ལམ་དང་སྒོ་ཐེམ་གྱི་བར་ཐག་དེ།
ངའི་འཇིག་རྟེན་ཧྲིལ་པོ་ཡིན་པ་གཞི་ནས་རྟོགས་བྱུང་།
2012.3.10
རྩོམ་ཁུངས། ངེད་དྲ་བ།