ང་དང་དབྱར་ཟླ་དྲུག་པ།
ཁྱེད་རང མེ་ཏོག་ཞིག་གི་གཟུགས་སུ་བརྫུས་ནས་ངའི་སྙིང་ཁར་བཞད་པ་ནས་བཟུང
ངས་དུས་རྒྱུན བསིལ་རླུང་འཇམ་པོ་ཞིག་གི་བརྩེ་བས་ཁྱེད་ལ་བྱི་དོར་བྱས་པ་བགྲང་གིས་མི་ལང
ཨ་ཕས་བཤད་ན ཁྱེད་ཀྱིས་མཛེས་རྟོག་གི་མིག་དབང་ཐོག་ནས་འཇིག་རྟེན་འདིར་བལྟས་ན
མི་ཡུལ་འདི་ནི་མེ་ཏོག་གིས་བྱུག་བུར་གཏམས་པའི་ཡུལ་ལྗོངས་སྐྱིད་པོ་ཞིག་རེད་ཟེར
དེས་ན དབྱར་ཟླ་དྲུག་པ
ཁྱེད་ནི་ངའི་མི་ཚེ་ལ་དྲོད་ཁོལ་སྩོལ་མཁན་གྱི་སྒྱུ་རྩལ་གྱི་ཞིང་ཁམས་དེ་མ་ཡིན་ནམ
དབྱར་ཟླ་དྲུག་པ
ངའི་ལྷ་ལམ་ཡངས་མོར་མཛེས་སྡུག་གིས་བཞད་པའི་དབྱར་ཟླ་དྲུག་པ
ངའི་རྨི་ལམ་ན་གཏན་དུ་འཛུམ་པའི་སྙིང་སྡུག་ལོ་ལོ
ངའི་དོན་ལྔ་སྣོད་དྲུག་ལ་རང་དབང་གིས་ལྡིང་བའི་ལྷ་བྱ་གོང་མོ
ངེད་གཉིས་པོའི་བརྩེ་བ་རླུང་གིས་མ་འཁུར་ན
ངེད་གཉིས་པོའི་ནམ་ཟླ་འཁྱག་གིས་མ་བསྡམས་ན
རྐང་འོག་གི་འཇིག་རྟེན་འདི་ནས ངེད་གཉིས་པོས་ལག་རྡང་དཔུང་འབྲེལ་གྱིས་སྐོར་བྲོ་ཞིག་ཁྲོབས་ཡ
ལྗང་མདོག་གི་དབྱར་གཞུང་དེ་ནས ངེད་གཉིས་པོས་བདེ་སྐྱིད་ཀྱི་འཚོ་བ་དབྱངས་རྟར་འགུགས་ཡ
དྲོད་ཁོལ་གྱིས་བལྟམས་པའི་ཁམ་ཁྱིམ་དེ་ནས ངེད་གཉིས་པོས་ལྷིང་འཇགས་ཀྱི་རྨི་ལམ་ཞིག་མཛེས་སྡུག་གིས་རྨིས་ཡ
དབྱར་ཟླ་དྲུག་པ
ངའི་ཤ་ཁྲག་རུས་གསེང་ལ་ཟུག་པའི་དབྱར་ཟླ་དྲུག་པ
ངའི་འབྱུང་འགྱུར་ལ་ཡིད་ཆེས་དང་སྤྲོ་སྣང་སྦྱིན་མཁན་གྱི་དཀོན་མཆོག་གསོན་པོ
ངས་འདི་ཕྱི་གཉིས་ལ་རེ་སྙེགས་བྱ་ཡུལ་གྱི་བདེ་སྐྱིད་ཀྱི་ཤམ་བྷ་ལ
དབྱར་ཟླ་དྲུག་པ
རྟ་ལྗང་འཁོར་ལོས་ཁྱེད་ཀྱི་ལང་ཚོ་གསོན་པོར་བསྲེགས་ཀྱང
དབྱར་ཆུ་ངར་མོས་ཁྱེད་ཀྱི་ཡིད་སེམས་ཆུ་བཞིན་བརླན་ཡང
ངའི་དབྱར་ཟླ་དྲུག་པ
སྔར་བཞིན འཛུམ་མདངས་ངང་བཞད་བྱུང མེ་ཏོག་དང་བསྡེབས་ནས་འཚར་བྱུང
དབྱར་ཟླ་དྲུག་པ ངའི་ཡིད་ངོར་མཛེས་སྡུག་གིས་བཞད་པའི་དབྱར་ཟླ་དྲུག་པ
ངའི་ལང་ཚོ་ལ་ལྗང་མདོག་གི་གསོན་ཤུགས་སྦྱིན་མཁན་གྱི་དབྱར་ཟླ་དྲུག་པ
རྒྱུ་འབྲས་ལ་བསླུ་བ་མེད་པ་བདེན་ན མི་ཚེ་ལ་བཏང་སྙོམས་ཡོད་པ་ཚད་མར་འཁུམས་ན
ངེད་གཉིས་པོས་ལང་ཚོ་མེ་རུ་སྦར་ནས སྙིང་རུས་ལྕགས་ལ་བསྒྲུན་ནས
ཡོད་ཚད་ཀྱི་ཡོད་ཚད་ལ་ལྗང་མདོག་གི་ཁ་དོག་སྐྲུན་ཡ ལོ་ལེགས་ཀྱི་སྦྲང་ཆར་ཞིག་འབེབས་ཡ
རྨོངས་གཉིད་དུ་འཐིམས་པའི་སེམས་ལྡན་གྱི་ཚོགས་ལ་འབོད་སྐུལ་གྱི་ཅོང་བརྡ་ཞིག་སྒྲོགས་ཡ
དབྱར་ཟླ་དྲུག་པ
དུས་ཚིགས་ལ་འགྱུར་བག་ལྡན་ཡང ལང་ཚོ་ལ་མི་རྟག་པའི་རང་བཞིན་མཆིས་ཀྱང
དྲོད་ཁོལ་གྱི་ལག་ཟུང་དམ་དུ་བཅིངས་ནས མཛེས་རྟོག་གི་མིག་དབང་ཧྲིག་ཧྲིག་ཏུ་བལྟས་ནས
སྔར་བཞིན འཛུམ་མདངས་ངང་བཞད་དགོས་ཡ
ནམ་ཡང་གངས་ལྗོངས་ཀྱི་ཞིང་ས་གཤིན་པོར་མཛེས་སྡུག་གིས་བཞད་དགོས་ཡ
རྟག་ཏུ བསིལ་ལྡན་གྱི་ལྗོངས་དེར་རང་དབང་གིས་ལྡིང་དགོས་ཡ
དབྱར་ཟླ་དྲུག་པ ངའི་སྙིང་ཁར་མཛེས་སྡུག་གིས་བཞད་པའི་དབྱར་ཟླ་དྲུག་པ
རྩོམ་ཁུངས། ངེད་དྲ་བ།