ལད་མོས་རང་བགྲོད་ཤོར་ན།
ང་ཚོ། མེས་པོའི་ཕོ་བྲང་ལ་ལྟད་མོར་ཆས་ཤིང་།
མེས་པོའི་གཙུག་ལག་ཁང་ལ་ཆོས་མཇལ་དུ་བསྐྱོད།
ལྟད་མོར་ཆས་པའི་ང་ཚོ།
མེས་པོའི་བློ་གྲོས་ལ།
ལན་གཅིག་ཡིད་རངས་བྱས་ཏེ་ཡིད་དང་བས་ཀ་མིག་སུམ་ཅུ་དག་སེམས་སུ་འཇོག་མྱོང་ངམ།
དེ་བས། མེས་པོའི་སྙིང་སྟོབས་ལ།
རྣམ་པར་དག་པའི་སྒོ་གསུམ་གྱི་གུས་ཕྱག་དེ་འཚལ་ཡོད་དམ།
ཆོས་མཇལ་ལ་དགའ་ཞིང་། ཆོས་མཇལ་དུ་བསྐྱོད་པའི་ང་ཚོ།
ནང་སེམས་ཀྱི་བདག་འཛིན་དྲི་མ།
ཆོས་ཕུང་གིས་ཕྱིས་བརྡར་བྱེད་རྒྱུ་གཏིང་ནས་བརྗེད་ཅིང་།
ལག་ཟུང་གི་ཕྲེང་བ་གོག་པོ།
ལྐོག་ལབ་དང་སྐྱིད་སྡུག་གླེང་ཤོར།
ཐར་པའི་འདྲེན་ཐག་ལ་འཁྲུལ་ཀྱིན་བགྲང་ན་འདོད།
ཐམས་ཅད་མཁྱེན་ཞིང་ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡོན་ཏན།
ཞབས་སྐོར་གྱི་ལད་མོའི་ཁྲོད།
རྡུལ་འཚུབ་བེར་
སུས་ཀྱང་མི་མཐོང་བར་ལུས་ཡོད།
ལད་མོའི་རྡོག་སྒྲ་ལས་འཕྱུར་བའི་རྡུལ་འཚུབ་དེ་མི་འཇགས་བར།
ཐབས་མཁས་ཐུགས་རྗེ་ཆེན་པོའི་ཡོན་ཏན་དག།
རྡུལ་ཕྲན་གྱི་ངོ་བོར་གྱུར་ཏེ་ང་ཚོའི་རྐང་འོག་ན་གནས་ཤིང་།
རྐང་འོག་ནས་རིམ་བཞིན་ནམ་མཁའི་དབྱིངས་སུ་འཐིམས་ན་ཅི།
ལད་མོས་མགོ་བོ་གཟིར་བའི་ང་ཚོ།
མེས་པོའི་རྩམ་ཁུག་ལ་རྒྱུས་མངའ་དབེན་ཞིང་།
ཁ་བའི་རང་མདངས་ལ་རྒྱབ་ཀྱིས་ཕྱོགས་ཏེ།
ཡ་མ་ཟུང་གི་ཁྱར་འཁྱོར་གོམ་པ།
ཡེ་ཤུའི་འཁྲུངས་སྐར་གྱི་སྟོན་མོར་ཕྱོགས།
རང་གི་གོམ་པ་འཁྱོར་ཡང་གཞན་གྱི་གོམ་བགྲོད་ལ་ཞེན་པའི་ང་ཚོ།
དྲང་པོར་བཤད་ན། ཕ་རྩམ་ཟན་ལ་སྐྱེས་པའི་བུ་སྐྱག་ཟན་ཞིག་གི་འཚོ་སྟངས་ལས།
གཞན་ཅི་ཡང་མ་ཡིན།
ལད་མོས་རང་བགྲོད་ཤོར་ན།
ཐམས་ཅད་ལ་སྙིང་པོ་མེད་ཅིང་།
ཐམས་ཅད་ལ་རང་མདངས་ དབེན།
རྨོངས་འཐོམས་ཀྱི་ལད་མོས།
ཐར་པའི་འདྲེན་ཐག་བཅད་སྲིད་ལ།
ཡིད་ཆད་དང་སྨྲེ་ངག་གི་ཁེངས་པའི་སྡུག་བསྔལ་བའི་རྒྱ་མཚོ་དེར་བལྟུངས་སྲིད།
ཨ་མཚར་གྱི་ལད་མོས།
རང་ལུགས་ཀྱི་སྲོལ་བཟང་བསྐྱུར་སྲིད་ལ།
རང་མདངས་་ཀྱི་གཟི་འབྱིན་ཡང་འཕྲོག་སྲིད།
དེ་བས། རྟ་མགོ་ལུག་སྦྱར་གྱི་དཔེ་བཞིན།
སུས་ཀྱང་མཐོང་མི་འདོད་པའི་ཕུང་གསུམ་སྲོག་ཆགས་ཞིག་ཏུ་མི་འགྱུར་ཅི།
༢༠༡༢ལོའི་ཟླ་༡ཚེས་༡༡ཉིན་ཤོ་ཤར་ཚེ་རིང་རྒྱལ་པོས།ལྷོ་ཁ་རྩེད་ཐངགྲོང་དུ་སུག་བྲི་བྱས།
རྩོམ་ཁུངས། ངེད་དྲ་བ།