བླ་བྲང་གི་བཅད་མ།
བསང་ཆུ་ཤག་ཤག་འབབ་པའི་དབྱངས་རྟ་དེའི་ཁུག་ན།།
བླ་བྲང་རིང་རིང་འདོད་པའི་བསམ་པ་ཞིག་ལོས་ཡོད།།
སྐོར་ལམ་གནམ་ལ་འཐེན་པའི་དད་ཞེན་གྱི་ཁུག་གི།
ཤུགས་དུད་དྲི་མ་ཅན་པོ་བརྗེད་རྒྱུ་ཞིག་ཆེ་ཡོད།།
མིག་ལ་འདྲ་མིན་འཆར་བའི་བླ་བྲང་གི་ཁྲོམ་ན།།
འདྲ་མིན་སྣ་ཚོགས་ཡིན་པའི་མཐོང་ཚུལ་རེ་འདུག་གི།
དེ་ནས་རྙེད་པར་ངེས་པའི་ཐ་སྙད་ཀྱི་འཁྱེར་སོ།།
མི་རྟག་གཞན་ལ་བྱིན་པའི་འོ་འདོད་ཀྱི་ལྷག་རོ།།
མི་འདི་མི་དེའི་ཡོང་སྒོ་གཞན་པ་ཞིག་རེད་འདུག།
ཚོང་འདི་ཚོང་དེའི་བཀག་རྒྱ་སྟོབས་པོ་ཞིག་ཡིན་འདུག།།
སེམས་འདི་སེམས་དེའི་སྒོ་ལྕགས་བརྟན་པོ་ཞིག་ཡིན་འདུག།
ཡིན་པ་དགུ་རིམ་བརྩེགས་པའི་བླ་བྲང་གི་བཅད་མ།།
སྙིང་དང་གློ་བ་འགྲན་པའི་བླ་བྲང་གི་མཐའ་ན།།
གསར་དང་རྙིང་མ་རྩོད་པའི་གྲྭ་ཚང་གི་ནང་ན།།
ཤེས་འདོད་གསང་བ་མང་པོའི་སྐས་རིམ་ནི་འདུག་འདུག།
དེ་དག་རང་གིས་མ་ཚོར་འགྱོད་སེམས་ཀྱི་འཕག་འཚགས།།
ཟས་ཀྱི་ལོངས་སྤྱོད་མི་འདྲ་སྣ་མང་གི་ཁྲོད་ན།།
སྐྲ་གསེར་མིག་སྔོན་དག་ལ་འགྲོ་སྟངས་ཤིག་ཡོད་འདུག།
རིན་གོང་གནམ་ལ་འདེགས་པའི་ཚོང་བདག་གི་སེམས་ན།།
དེ་ལས་མི་ཤེས་གཡོ་སེམས་སྒྱེ་མོ་གང་འདུག་གི།
རང་གཞན་སུ་ལ་སྐད་ཆ་དྲང་མོ་ཞིག་མི་འདུག།
གཞན་དང་གཞན་ལ་རྟོག་སད་གསར་བ་ཞིག་མི་འདུག།
མི་འདུག་བླ་བྲང་སྐྱ་བོའི་བྲང་གཞུང་གི་འཁུན་སྒྲ།།
སྟོན་པའི་ན་བཟའ་ཅན་གྱི་གྲྭ་བ་ལས་མི་འདུག།
རིག་པ་ཡོད་མེད་ཚང་མ་བླ་བྲང་ན་འཁོར་འདུག།
སྒོར་མོ་མང་ཉུང་མཐའ་དག་བླ་བྲང་ན་བསྡད་འདུག།
རྒྱ་བོད་ཕྱི་གསུམ་ཀུན་པོ་བླ་བྲང་ན་ཡོད་རུང་།།
ཡིད་སེམས་གདུང་བའི་བླ་བྲང་རྒྱལ་སྤྱིའི་ལ་མ་ཁྱབ།།
ཡར་གྱི་གནམ་མཁའ་མཐའ་བཞིའི་རི་བོ་དེས་འདེགས་རུང་།།
མར་གྱི་མི་ཚོགས་ཆོས་ཀྱི་བྱིན་རླབས་ཀྱིས་གསོས་རུང་།།
མདུན་གྱི་སྙིགས་རོ་བསང་ཆུ་མགྱོགས་པོ་དེས་ཁྱེར་རུང་།།
ནམ་ཡང་མནན་མནན་འདོད་པའི་བླ་བྲང་ལ་དབང་ཆུང་།།
ཚིག་གིས་མ་འཁྱོངས་ད་རུང་བླ་བྲང་ཞིག་བཞག་ཡོད།།
དོན་གྱིས་མ་གྲུབ་ད་རུང་བླ་བྲང་ཞིག་ལུས་ཡོད།།
ལག་པས་མ་ཟིན་ད་རུང་བླ་བྲང་ཞིག་ཤོར་ཡོད།།
ནུས་མེད་བུ་ཡིས་སེམས་ན་བླ་བྲང་ཞིག་ལྷག་ཡོད།།
༢༠༡༢.༠༨.༠༨ཉིན་བསང་ཆུའི་འགྲམ་ནས་བྲིས།
རྩོམ་ཁུངས། ངེད་དྲ་བ།