ངས་ཁྱོད་ཉིད་ཐེངས་མང་བཙལ་མྱོང་།
ཁྱོད་ཀྱི་ལུས་དྲོད་བཞིན་འབར་བའི་གློག་སྒྲོན་འོག
མཚན་མོ་ཡི་ལམ་ཕྲན་དེད་ནས
མིག་མདུན་དུ་དཔྱངས་པའི་སྟོན་ཁ
ང་ས་ཆེན་པོའི་དཀྱིལ་སྙིང་ལ་ཕྱོགས་ནས
སྟོན་ཁ་འདིར་ཨུ་ཚུགས་ཡང་ཡང་བྱས
སྟོན་གྱི་ཡལ་གར་དུད་པའི
རྒྱ་ལྕང་གི་མགོ་བོ
དགུན་གྱི་གཟེབ་དྲར་ཚུད
མེ་ལྕེབས་ཀྱི་ཕྱེ་ལེབ་ཁྲ་ཁྲར་ཆགས་པའི
མུན་ནག་གི་གཅོང་རོང་དམར་པོ
ངས་རང་གི་འདྲ་གཟུགས་ཁོ་ན་འཁྱེར་ནས
རང་ལ་གཤོག་པ་མེད་ཚུལ་གྱིས
མི་ཚོགས་ཀྱི་རྒྱབ་གཟུགས་ཀྱིས་ང་ལ་ཁྲེལ་དགོད་ཡང་ཡང་བྱེད
ནམ་མཁར་ལྕེབས་པའི་རྒོད་པོའི་ངང་ཚུལ
ངས་ཁྱེད་ལ་མྱ་ངན་གྱི་གཤོག་པ་ཡང་ཡང་བྲིས
ནམ་མཁའ་ཡི་གཟུགས་བརྙན་ལས་ཁྱོད་ཉིད་བརྒལ་དུས
ངས་སྐྲ་ལོ་དང་གཤོག་པ་མཉམ་དུ་གཞར་ནས
རང་ཉིད་ལ་བསམ་བློ་ལས་ཅི་ཡང་མེད་པའི་བཟོ་ལྟ་གྱོན
ངས་ཁྱོད་ཉིད་ཐེངས་མང་པོར་བཙལ་མྱོང
༢༠༡༠ལོའི་ཟླ་༡༡པའི་ཚེས་༧ཉིན།
རྩོམ་ཁུངས། ངེད་དྲ་བ།