འཁྱིམས་ཀྱིས་བརྒྱན་པའི་ཉིན་བྱེད།
ཁྱེད་རང་གང་དུ་ཡོད
མུན་པའི་ནམ་མཁའ་བསྲེགས་རྗེས
འོད་ཀྱི་གཤོག་པ་ཐོགས་ནས་འཕུར་སོང་ཟེར
ཁྱེད་ནི་དུང་གི་རུས་རྐང་བདག་པའི
ཁྱུང་ཆེན་གཤོག་རླབས་ཅན་དེ་ཡིན་ངེས་
སྐྱ་རེངས་བཀྱགས་པ་ནས་
མི་དག་ཁྱེད་ཀྱི་གནང་སྦྱིན་ལ་གོམས་འདུག
ཐ་ན་མགོ་བོ་དགྱེས་ནས་བལྟ་ཙམ་ཡང་བྱས་མ་སོང
གནམ་མཐའ་རུབ་མ་ཐག
ངས་ད་གཟོད
ཁྱེད་ཉིད་དྲན་ཞིང
སྐྱེལ་མ་ཡག་པོ་ཞིག་ཀྱང་བྱེད་མ་ཐུབ་པ་དྲན
ཐ་ན་ཆེས་མཐའ་མའི་གྱེས་ཕྱག་ཞིག་ཀྱང
ཡིན་ནའི
ཡིན་ནའི་ད་ནི་བདེ་མོ་ཕེབས་རོགས་ཀྱེ
ངས་ཟེར་མ་ཁྱོར་དུ་བཅུག་ནས་ཁམ་གང་འཐུང་ཡོད
ད་ནི་བདེ་མོ་ཕེབས་རོགས་ཀྱེ
ངས་བུ་ལ་རི་མོ་ཞིག་བྲིས་ཡོད
འཁྱིམས་ཀྱིས་བརྒྱན་པའི་ཉིན་བྱེད་ཅིག་བྲིས་ཡོད
སང་ཞོགས་ཁྱེད་རང་ཕེབས་དུས་
ང་དག་འཁྲུག་པའི་རྨི་ལམ་རིང་མོས་རྒས་ཤིང་ཉོབ་ནའང་
ཤ་གསར་ཁྲག་གསར་གྱི་ཚ་བོས་ཁྱེད་ངོ་ཤེས་གི་རེད
རྩོམ་ཁུངས། ངེད་དྲ་བ།