2012.12.18༼སྙན་ཚོམ།༽
དེ་རིང་།
ཡུལ་ལ་ལོག་ཡོད།
ལུང་བ་འདི་སྔར་བཞིན་སྐྱ་ཐིང་ངེར།
དེ་དུས་ཀྱི་དབྱར་གཞུང་དེ་རྙེད་རྒྱུ་མི་འདུག
ཐ་ན་ཁྱི་མོ་དིང་དཀར་མའང་མཐོང་ཡུལ་ན་མི་འདུག
མོ་ནི་ང་རང་ལན་རེར་ཡུལ་ལ་ལོག་ཐེངས་རེར།
ཆ་ཡོད་ཀྱི་རྣམ་འགྱུར་སྟོན་མཁན་གཅིག་པུ་དེ་ཡིན་ངེས།
ཡུལ་མི་ཚོས་བཤད་ན།
མོའི་ནུ་མའི་ཕྱེད་ཅིག་རུལ་མྱགས་སུ་གྱུར་ནས་ཤི་སོང་ཟེར།
དེ་ནི་གཞན་གྱི་ཁྱི་གུ་ཞིག་ལ།
ཁོ་མོར་ནུ་མ་ལྡུད་དུ་བཅུག་པས་ལན་ཟེར།
ཁོ་མོར་མཚོན་ན།
རང་ཉིད་ཀྱི་ཕྲུ་གུ་ལས་གཞན་ལ་འོ་མ་ལྡུད་དུ་འཇུག་པ་དེ།
སྲོག་ལ་ཐུག་པའི་བཙན་གནོན་རིགས་ཤིག་ཡིན་ནམ།
ད་ནི་ལུང་བ་འདི་ལས་སྙིང་ཉེ་བའི་སེམས་ཅན་ཞིག་སོང་ཚར།
སྨག་གནག་པའི་མཚན་མོ་རེར།
ལུག་ཁྱུ་ལ་སེམས་གསོ་སྟེར་བྱེད་ཀྱི་ཟུག་སྐད་དག་ཀྱང་རིང་དུ་ཡལ་ཚར།
ང་རང་།
དོ་དགོང་ནམ་གུང་ཞིག་ལ་རྨི་ལམ་ལས་གློ་བུར་སད་ཚེ།
རི་སྤྱང་ཕོ་མོའི་ངུ་ཟུག་གིས་སྙིང་ལ་གཙེ་བར་སྐྲག་འོངས།
དེ་དུས་མུན་པ་མུན་ནག་གི་ནང་དུ།
སེམས་ལྷོད་པོས་དབུགས་ཐེངས་ཤིག་ལེན་རོགས་ཀྱང་མི་འདུག་སྙམ་ན།
ལྷག་ཏུ་སྐྲག་འོངས།
2012.12.19
དེ་རིང་།
ལྷོ་ཁོ་རེ་ཡས་སྲིད་འཛིན་གསར་བ་བདམ་གྱིན་འདུག
ངས་བཤད་འདོད་པ་འདི་ཙམ་ག་ལ་ཡིན།
ང་རང་ཧ་ལས་སའང་འདི་ཙམ་ག་ལ་ཡིན།
ཁོ་ཚོས་ཉིན་ཧྲིལ་བོ་གཅིག་ལ།
རྒྱལ་ཡོངས་ལ་གནང་བ་བྱིན་ནས།
འདེམས་ཤོག་འཕེན་དུ་འཇུག་གི་འདུག
ཚུལ་འདིས།
ང་ཡི་ཟླ་བ་གཅིག་ཀྱང་འགོར་མེད་པའི།
རྨ་ཁ་གསར་བ་དེ་ལ་ཚྭ་ཆུ་ཁྱོར་བ་གང་གཏོར་སོང་།
2012.12.20
དེ་རིང་།
ཚ་མོ་གཉིས་ཀྱི་འབྲི་དེབ་ངོས་ལ།
རི་མོ་རེ་བྲིས་པ་ཡིན།
དེ་ཡང་ཁམ་བུ་ཆ་རེ་ཡིན།
འཆར་གཞི་དང་དམིགས་ཡུལ་ཅི་ཡང་མེད་པར།
རང་གི་ཇ་ཕོར་ཐོག་གི་ཁམ་བུ་ཆ་དེར་ལད་འབྲི་བྱས་པ་ཡིན།
ཚ་མོ་གཉིས་ཤིན་ཏུ་དགའ་བའི་ཚུལ་དེ་མཐོང་བས།
ངས་རང་ཉིད་ཀྱང་བྷི་ཁ་སོ་ལྟ་བུའི་རི་མོ་བ་ཞིག་རེད་ཨང་སྙམ་སོང་།
ངའི་སེམས་སུ།
ཁོ་མོ་གཉིས་ནི་སྨིན་ཐག་མ་ཆོད་པའི་ཁམ་བུ་ཟུང་གཅིག་ཡིན་ན།
ད་ནི་དམིགས་ཡུལ་མེད་པ་དེ་ཡང་དམིགས་ཡུལ་ཞིག་རེད་ཨང་།
ཚ་མོ་ཆེ་བ་ལོ་ན་བདུན་དང་ཆུང་བ་ལོ་ན་དྲུག་ཡིན།
ཁོ་མོ་གཉིས་ཀྱི་ན་ཚོད་ལ་བསམ་བློ་གཏོང་དུས།
ངས་ཏག་ཏག་ཁེ་སྔོན་ཨ་རིའི་སློབ་ཆུང་ཞིག་ཏུ།
ལོ་ན་དྲུག་ནས་བདུན་བར་གྱི་སློབ་ཕྲུག་ཉི་ཤུ་བསད་པའི་དོན་རྐྱེན་དེ་དྲན་སོང་།
དེ་འདྲའི་ཡ་ང་བག་ཚ་ཡི་དོན་རྐྱེན་དེ་དྲན་དུས།
ངས་རང་གི་ཚ་མོ་གཉིས་ཀྱིས།
ལུང་བ་གུག་ཀྱོག་འདི་ནས་རང་གི་འདོད་པ་ལྟར་དུ།
ནང་སེམས་ཀྱི་འཇིག་རྟེན་མཐའ་དག་རི་མོར་བཀོད་ནས།
དུས་གཏན་དུ་ནར་མ་སོན་ན་ཅི་མ་རུང་ཨང་སྙམ་སོང་།
2012.12.21
དེ་རིང་།
སོས་དལ་བག་ཕེབས་ཀྱིས།
ངལ་གསོ་ཐེངས་ཤིག་བྱ་རྩིས་ཡོད་ནའང་།
རྩྭ་ཐང་ཁོ་ནར་ད་བཟོད་མིག་ལ་ཐོགས་འོངས་པ་འདི་དག་གིས།
མི་རྣམས་ཀྱི་བློ་མིག་དེ་མག་མོག་གམ་རབ་རིབ་ཅིག་ཏུ་བཏང་འགྲོ།
སྐྱོ་ཤས་ཀྱི་སྣེ་མོ་གཅིག་མདང་གི་རྨི་ལམ་ལ་སྦྲེལ་ཡོད་ན།
རྨི་ལམ་དེ་མི་བཤད་ཐབས་མེད་ཡིན་ངེས།
རྨི་ལམ་ནང་གི་སྐྱེས་བུ་དེ་དང་།
སྐྱེས་བུ་དེའི་སྐྱོ་ཉམས་ལས་མངོན་པའི།
འུ་ཐུག་དང་ཐབས་ཟད་ཀྱང་མི་བཤད་ཐབས་མེད་ཡིན་ངེས།
གལ་ཏེ།
མངོན་སུམ་དང་རྨི་ལམ་སྦྲེལ་བྱེད་ཀྱི་སྐྱོ་ཤས་འདི་མེ་རུ་བསྒྲོན་ཚེ།
ཤུལ་དུ་རི་ཁའི་དར་ཤིང་གཅེར་བུ་དེ་ཁོ་ན་ལྷག་ཡོང་ངམ།
ཡང་ན་དེ་དང་འབྲེལ་མེད་ཀྱི་བྱ་རྒོད་དེའི་གཤོག་རླབས་ལྷག་ཡོང་།
རྩྭ་ཐང་ཁོ་ནར་ད་བཟོད་ལན་རྙེད་འོས་པའི་དྲི་བ་འདི་དག་ལ་བསམས་ཚེ།
ངས་སླར་ཡང་རྨི་ལམ་ནང་གི་སྐྱེས་བུ་དེའི་གཟབ་ནན་ལ་གདོང་གཏད་མི་ཕོད།
ངས་མངོན་སུམ་གྱི་སྣང་བ་འདི་དག་ལ།
རྨི་ལམ་ནང་དུ་རེ་རེ་བཞིན་གསལ་བཤད་མི་ཐུབ་པས།
དེ་རིང་ཅིས་ཀྱང་ཕྱིར་འགྲོ་དགོས།
རྨི་ལམ་ནང་གི་སྐྱེས་བུ་དེར་གཡོལ་ཆེད་ཕྱིར་དགོན་པར་འགྲོ་དགོས།
རྩོམ་ཁུངས། ངེད་དྲ་བ།