ཁ་བའི་ཀློང་གི་གཡག་རྭ། གཡག་རྭའི་བར་གྱི་ཁ་བ།
ཁ་བ་ལྷབ་ལྷུབ་ཏུ་འབབ་བྱུང་།
གཡག་རྭ་བེར་བེར་ཏུ་བརླན་སོང་།
སྐྱ་ཚུབ་ཚུབ་ཀྱི་ཁ་བའི་ཀློང་གི་གཡག་རྭ།
འོ་མ་འཐུང་གིན་པའི་བྱིས་པ་པྲ་ཚགས་དེ་རེད་ཨང་།
དར་ལྕེ་མེད་པའི་གནའ་བོའི་དར་ཤིང་དེ་རེད་ཨང་།
གཡག་རྭའི་རྒལ་གཞུང་ལ་དགའ་བའི་ཁ་བ།
ཁ་བའི་བྲང་ཁ་བཤགས་འདོད་པའི་གཡག་རྭ།
མཐོང་མྱོང་མེད་པའི་རྩྭ་ཐང་གི་ཕ་མཐའ་རུ་འགྲོད་དུས།
ཁ་བའི་ལག་ཟུང་གཡག་རྭར་རེག་རིམ་བཞིན།
གཡག་རྭས་གྱེན་ལོག་གི་མིག་ཟུང་མཁའ་ལ་འགྲད།
གཡག་རྭས་དཔུང་འཇུག་གི་རྣོ་ཁ་གྱེན་དུ་གཟེངས།
དེ་ལྟར། གོ་མེད་འཚོར་མེད་དུ་འབབ་འགྲོ་བ་ནི་ཁ་བ་རེད།
གོ་མེད་འཚོར་མེད་དུ་བརླན་འགྲོ་བ་ཡང་གཡག་རྭ་རེད།
ཁ་བ་ཉིལ་ཉིལ་དུ་བཞུར།
གཡག་རྭ་འཚབ་འཚུབ་ཏུ་སྐམ།
ནག་ལ་འགུག་པའི་གཡག་རྭའི་བར་གྱི་ཁ་བ།
ཉི་ཁུག་ལ་ལུས་པའི་རྒད་པོ་རྐམ་ཆག་ཅན་དེ་རེད་ཨང་།
ལྡེ་མིག་བརླགས་པའི་གནའ་བོའི་སྒོ་ལྕགས་དེ་རེད་ཨང་།
ཁ་བའི་སྟེང་ན་གཅེར་བུར་ལངས་ཕོད་པའི་གཡག་རྭ།
གཡག་རྭའི་སྟེང་ན་ལྕགས་སྒྲོགས་རྒྱག་གིན་པའི་ཁ་བ།
གཡག་རྭས་ཁ་བར་འཚོ་གནས་ཀྱི་གནམ་ས་ཤིག་སྤྲད་རྗེས།
ཁ་བས་གཡག་གྱི་སྤྱི་གཙུག་ནས་སྙིང་ལ་རྒོལ།
ཁ་བས་གཡག་གྱི་ཁྲག་རྩ་རྒྱུད་ནས་ཁོག་ན་འཕག
དེ་ལྟར། སུས་ཤེས་དེ་ཤེས་མེད་པར་སྐམ་འགྲོ་བ་ནི་གཡག་རྭ་རེད་ལ།
སུས་ཤེས་དེ་ཤེས་མེད་པར་ཡལ་འགྲོ་བ་ཡང་ཁ་བ་རེད།
ཁ་བའི་ཀློང་གི་གཡག་རྭ། གཡག་རྭའི་བར་གི་ཁ་བ།
རྩོམ་ཁུངས། ངེད་དྲ་བ།