ཟིན་བྲིས་ཤིག་གི་ཆག་འཇིག
མེ་ཏོག་གི་ཟེའུ་འབྲུ་དམར་པོར་ཆགས་ཤིང་འབྱར་བའི་དུས་ཚུགས
སུ་ཞིག་གི་སྙིང་རྩ་ནས་ཚག་ཚག་འཚིག་པའི་འབུད་ཤིང་སྐམ་པོ
གང་ཞིག་ལ་དྲན་རྟེན་དུ་བྲིས་པའི་གསེར་གྱི་རུས་ཐུམ་སྔོན་པོ
ཆོ་འཕྲུལ་ནག་པོའི་གའུ་སྦྱོར་བྱེད་ཀྱི་མར་མེ་སེར་པོ
དགུན་དང་དཔྱིད་ལ་བྲིས་པའི་ཆ་མི་སྙོམ་པའི་ཐ་སྙད་ཆག་རོ
སྔུས་འགྲམ་དང་རྡོག་ལམ་དུ་བབས་པའི་མིག་ཆུའི་ཤག་སྒྲ
ཕ་མཐའ་མི་མངོན་པའི་དབྱིངས་སུ་ལྷོད་ཀྱིས་བབས
དུ་བ་དང་མིག་ཆུ ན་ཟུག་དང་འཁུན་སྒྲ
ཕབ་གཞུང་ངོས་སུ་བྲིས་པའི་སེམས་པའི་འགྱུར་ཁུགས
ན་བུན་དང་གོད་ཆག་གིས་ཟིན་པའི་ཁྱིམ་ཐབ་རལ་པོ
ཆུང་མའི་ཁ་ངོ་ལྟ་བུའི་རེས་འཐིབ་རེས་སྐྱོ་ཡི་ནམ་རྩ
མིག་གིས་ཟིན་པའི་འཇིག་རྟེན་དང་རྣ་བས་ཚོར་བའི་མཁའ་དབྱིངས་ན
སྟོན་རླུང་བཞིན་རླུང་གིས་སྤུར མཁའ་དབུགས་བཞིན་ཤུགས་ཀྱིས་ངུབ
དུས་དེར ང་ལ་ལྷག་པ་ནི་ཚ་གཟེར་དང་མིག་ཆུ་རེད
ཁྱོད་ལ་ཐོགས་པ་ནི་གཤོག་པ་དང་རླུང་རྟ་རེད
རི་བོ་ཞིག་གི་སྐྲ་ལོ་དང་འགྲོགས་ནས་འཕུར་བ
རྣམ་ཤེས་ལྟ་བུའི་འོད་ཟེར་དེ་མ་ཡིན་ནམ
ཡང་ན་ཆུ་ཤེལ་ལྟ་བུའི་ཕྱི་གསལ་ནང་གསལ་དེ་མ་ཡིན་ནམ
ངའི་སྙན་ངག་གི་རྐན་སྒྲ་ཁུར་བའི་བྱང་ཐང་གི་རུས་པ་ལགས
ག་ལེར་ཕེབས
2012.11.12ཉིན་མེ་ཏོག་པདྨ་ཐང་དུ་བྲིས།
རྩོམ་ཁུངས། ངེད་དྲ་བ།