༼ཨ་ཀ༽གཅན་མེ་སྟག་ལ་ཕུལ་བའི་དྲན་རྟེན་འབྲུག་མགོ་མ།
ས་མགོ་ལོག་གནམ་མགོ་ལོག
ལོ་རྒྱུས་ཀྱི་རྒྱབ་ལྗོངས་སུ་ཨུ་ཚུགས་ཀྱིས་འགྱིངས་བའི་གངས་རི་བརྗིད་པོ
སྐུ་ཞབས་ཁོང་དང་འཇུ་སྐལ་སོགས་ཀྱིས་སྙན་ངག་གི་བུ་མོའི་མེ་ཏོག་ལེན་ས
སྟོན་ལྗོངས་རེར་སླེབས་དུས རྟ་བོར་ཐང་གི་ཤིང་ལོའི་མྱ་ངན་ལ་སེམས་པ་གླན་ནས
ཁུ་བྱུག་དང་ཕྱེ་ལེབ་འཕུར་ཤུལ་ན་ཁེར་རྐྱང་དུ་ལྷག
གཙན་ཚའི་སྲང་ལམ་དུ་སྐྱེས་པའི་མེ་ཏོག་རྐང་གཅིག
རྨ་རྒྱལ་སྤོམ་རའི་ཉེ་འདབས་སུ་འཐོར་བའི་འཆར་སྣང་གི་རི་མོ་དེ་དང་ལྷན་དུ
༼དབྱུག་པ་ཅན་༽དང་ཧེ་ཐུ་མན་སོགས་ཀྱིས་བདེན་ཚིག་གི་མེ་ཏོག་གང་མང་གཏོར་མཐར
ལྗོན་ཤིང་གི་རྩ་བར་ཆུ་དྲངས་བའི་གྲུབ་འབྲས་ཀྱི་མྱུ་གུ་ཞིག་འཁྲུངས་ཟེར
ལོ་རབས་བརྒྱད་ཅུ་བའི་སྦྲུལ་གྱི་རྔ་དཀྱོགས་ལ་འཐམས་ནས
རྨ་རྒྱལ་སྤོམ་རའི་གཟན་ཤམ་འོག་ཏུ་ནར་སོན་ཞིང
རྩྭ་ཐང་དང་ལུག་ཁྱུར་ཐག་ཉེ་ས་ཞིག་ཏུ་རྒྱ་འབུད་བྱེད་ཀྱིན
ཐ་སྙད་ཀྱི་སོ་ཕག་བསྒྲིགས་པའི་ཁང་མིག་དེའི་གྲུ་ཟུར་ན་ཁེར་རྐྱང་དུ་ལྷག
ལོ་རྒྱུས་ཀྱི་གཏམ་རྒྱུད་ལས་བཞུར་བའི་ཤོག་ལྷེ་རལ་བོ་དེ་དག་གི་ངོས་སུ
རྨི་ལམ་དང་ཞེན་ཆགས་ཀྱིས་གྲུབ་པའི་སེམས་བྱུང་སྐྱུར་བོ་ཞིག་འཐོར་དུ
ཁྱོད་ཀྱི་གོམ་སྟབས་ལས་བཞུར་བའི་རྡོག་སྒྲའི་རོལ་དབྱངས་གང་མང་ཞིག
རི་བོ་ཉི་ཟླའི་མཚན་སྤྲིན་དང་ན་བུན་གྱི་ཀློང་དུ་རྦ་རླབས་བཞིན་འཕྱོ
དུས་ཚོད་ཀྱི་གཙང་བོའི་བཞུར་ལམ་དུ
ཨ་རག་༼པུ་ཙེ་༽གང་གི་བསླུ་བྲིད་ཀྱི་སྙིང་གཏམ་ལ་སེམས་པ་གླན་ནས
འདྲི་རྟགས་དང་ཐེ་ཚོམ་གྱི་རྭ་བར་དུ་ཏིང་འཛིན་ལ་རོལ་ཅིང
མེ་སྟག་གཅིག་གིས་ཡངས་བའི་རྩྭ་ཐང་སྲེག་པའི་ཧམ་སེམས་ཀྱི་རྨི་ལམ་ཁྲོད
ལོ་ཟླ་དང་དུས་ཚོད་ཀྱི་ཆུ་རྒྱུན་འདས་པ་ཡི་གཡང་ས་རུ་ལྷུང་སོང
༼ཨ་ཀ༽ཨ་མདོའི་ཁ་སྐད་ཀྱི་ཕུ་བོ་འམ་རང་ཉིད་ཀྱི་སྤུན་ཆེ་བའི་མིང་།
༼ཨ་རག་༽ རླངས་ཆུ་ལས་ཐོན་པའི་ཆང་གི་རིགས་ལ་ཡུལ་ལ་ལར་ཨ་རག་ཟེར།
༼པུ་ཙེ༽འབྲུ་རིགས་ཀྱི་ཤུན་པའི་མིང་། པུ་ཚེ་ཞེས་འབྲི་བའང་ཡོད།
༼དབྱུག་པ་ཅན།༽དུས་རབས་བདུན་པར་རྒྱ་གར་ལྷོ་ཕྱོགས་བྲམ་ཟེའི་རིགས་སུ་འཁྲུངས་པའི་སློབ་དཔོན་དཎྜི་ཞེས་པ་སྔོན་གྱི་སྙན་ངག་གི་བསྟན་བཅོས་རྣམས་ཀྱི་སྙིང་པོ་བསྡུས་པའི་གཞུང་སྙན་ངག་མེ་ལོང་ཞེས་བྱ་བ་རྩོམ་མཁན་དེའོ། །
རྩོམ་ཁུངས། ངེད་དྲ་བ།