སྙན་ངག་ནི་སུ་ལ་དབང་བའི་བུ་མོ་ཞིག་ཡིན་ནམ།
ཁྱོད་ཀྱིས་ཁྱོད་ལ་སྙན་ངག་དང་འདྲ་བའི་བུ་མོ་ཞིག་ཡོད་ཟེར
ཁྱོད་ཀྱིས་ཁོ་མོའི་བྲང་གཞུང་དང་མྱོས་བུམ
ད་དུང་འཇམ་ཤ་དག་མིག་ཟུམ་ན་མིག་ལམ་དུ་སྣང་བ་བཞིན
རང་ཉིད་ཀྱི་མཁའ་དབྱིངས་སུ་བྲིས་ཏེ
སྙན་ངག་འབྲི་བ་ནི
ཁོ་མོ་དྲན་ཚུལ་གཞན་ཞིག་ཡིན་ཟེར
ང་ཡིས་ང་ལ་བུ་མོ་དང་འདྲ་བའི་སྙན་ངག་ཅིག་ཡོད་ཟེར
ང་ཡིས་ཚོར་བ་དང་དུངས་བ
ད་དུང་བློ་སྤོབས་དག་ཁ་ཟུམ་ན་སྣ་ནང་ནས་ཤོར་བ་བཞིན
བུ་མོ་ཞིག་དང་ལུས་འབྲེལ་ཏེ
མོ་དང་བསྙེས་གཅིག་པ་ཡང
སྙན་ངག་ལ་རོལ་མྱོང་གཞན་ཞིག་ཡིན་ཟེར
སྙན་ངག་གི་གསེབ་ན་བུ་མོ་ཞིག་འདུག་ལ
བུ་མོ་དེའི་ཐུ་འོག་ན་ཡང་སྙན་ངག་འཕྲོ་རིམ་འཕྲོ་འཁྱིལ་འདུག
སྙན་ངག་མ་གཞི་ནས་བུ་མོ་ཞིག་ཡིན་ནམ
སྦྲ་ནག་འགྲམ་གྱི་སྒོ་ཁྱི་ཟུག་སྐད་དེ་ཡིན་ནམ
སུ་ལའང་ཡོད་ཆོག་པའི་སྣང་བ་དེ་ཡིན་ནམ
༢༠༡༣ ༣ ༡༩
རྩོམ་ཁུངས། ངེད་དྲ་བ།